རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
དགའ་ལྡན་དོན་གྲུབ་གླིང་གི་དགོན་པའི་ཕྱིའི་བཀོད་པ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་རླངས་འཁོར་ལ་བསྡད་དེ་རྒྱལ་ལམ་214བརྒྱུད་ནས་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་གྱི་ལམ་ཐག་བརྒྱུད་རྗེས། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཤོག་གསུམ་སྡེ་བར་སླེབས་ཀྱི་ཡོད། སྡེ་བ་འདིའི་རི་སུལ་དུ་མུ་ཏིག་དོག་པ་འབྲུ་ལྟར་ཆགས་ཤིང་རྟེན་གསུམ་ནོར་བུ་ཡོངས་སུ་གཏམས་པའི་དགོན་སྡེ་དགའ་ལྡན་དོན་གྲུབ་གླིང་ཆགས་ཡོད། དགོན་པ་འདི་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་གཉིས་ལས་གཅིག་ཡིན་པ་དང་། འཇོལ་རྫོང་གི་དགོན་སྡེ་ཆེ་ཤོས་དེ་ཡིན། རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བསྟུན་ནས། དགོན་པ་ཡང་ཇེ་ལེགས་ཇེ་རྒྱས་སུ་སོང་ཡོད་ཅིང་། གྲྭ་བའི་མི་གྲངས་ཀྱང་དེ་སྔོན་གྱི་གྲྭ་བ་16ནས་ད་ལྟའི་གྲྭ་བ་364རུ་འཕར་ཡོད། དགོན་སྡེའི་གྲྭ་བ་རྣམས་ཀྱིས་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།
▲ཟླ་1པའི་ཚེས་13ཉིན། ཡུན་ནན་ཞིང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཆིའུ་ཅང་དང་བཅས་པ་དགའ་ལྡན་དོན་གྲུབ་གླིང་དགོན་དུ་འཚམས་འདྲིར་ཕེབས་ནས། དགོན་པའི་གྲྭ་བ་རྣམས་ལ་དུས་ཆེན་སྔོན་གྱི་སྨོན་འདུན་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་ཕུལ་བ།
མཚར་སྡུག་གི་ལོ་རྒྱུས་རྒྱུན་འཛིན་བྱས་ནས་ནང་པའི་བསྟན་པ་དར་སྤེལ་གཏོང་བ་ནི་དགོན་སྡེ་འདིའི་སྲོལ་རྒྱུན་གྱི་སྲོག་རྩ་ཡིན།
ཐོས་བསམ་བཤད་སྒྲུབ་ཀྱི་རྦ་རླབས་ནམ་མཁའི་མཐོངས་སུ་འཕྱུར་བའི་དགའ་ལྡན་དོན་གྲུབ་གླིང་ནི་ཆིང་གོང་མ་ཁང་ཞིའི་ཁྲི་ལོ་དྲུག་པའམ་བོད་རབ་བྱུང་བཅུ་པ་མེ་ལུག་ལོ་སྟེ་སྤྱི་ལོ་1667ལོར་ཐོག་མར་ཕྱག་བཏབ་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གོང་མ་ཁང་ཞི་ལ་གོང་འབུལ་ཞུས་པ་ལྟར། ཁམས་སྟོད་དུ་མདོ་རྒྱུད་ཀྱི་དགོན་སྡེ་བཅུ་གསུམ་དང་། སྨད་དུ་གསང་སྔགས་ཀྱི་དགོན་སྡེ་བཅུ་གསུམ་བཞེངས་པ་ལས། དགའ་ལྡན་དོན་གྲུབ་གླིང་ནི་སྨད་དུ་བཞེངས་པའི་གསང་སྔགས་ཀྱི་དགོན་སྡེ་བཅུ་གསུམ་གྲས་ཀྱི་ཕྱག་བཏབ་པའི་དུས་ཚོད་འཕྱི་ཤོས་དེ་ཡིན། སྤྱི་ལོ་1985ལོར་དགོན་པའི་གྲྭ་དམངས་ཡོངས་ཀྱི་ཐུགས་རེ་ལྟར། བདེ་ཆེན་ཁུལ་དང་འཇོལ་རྫོང་མི་དམངས་སྲིད་གཞུང་གིས་འགྲོ་གྲོན་ཐད་རྒྱབ་སྐྱོར་ཚད་མེད་གནང་སྟེ། དགའ་ལྡན་དོན་གྲུབ་གླིང་དགོན་འདི་ཉིད་དེ་སྔའི་ཆགས་ཡུལ་༼དེང་ཐར་པ་གླིང་དགོན་ཆགས་སའི་གནས༽ནས་ད་ལྟའི་གནས་སུ་སྤར་ཏེ་བསྐྱར་སྐྲུན་བྱས། སྤྱི་ལོ་1987ལོའི་ཟླ་10པར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གནས་འདིར་ཞབས་ཀྱིས་བཅགས་ནས་གཟིགས་ཞིབ་གནང་བ་དང་གསར་བཞེངས་མ་དངུལ་གྱི་རྒྱབ་སྐྱོར་གནང་། དགོན་པའི་ལྷ་ཁང་རྣམས་རྔམ་བརྗིད་ལྡན་ལ་ལྡེབས་རིས་རྣམ་པར་བཀྲ་བ་དང་། སྐུ་འདྲ་གསོན་ཉམས་ལྡན་ཞིང་ཐང་ག་དང་དམ་ཆོས་པོ་ཏི། མཆོད་རྟེན། དཀྱིལ་འཁོར་སོགས་ཀྱིས་ཆོས་ལུགས་རིག་གནས་སྒྱུ་རྩལ་གྱི་བང་མཛོད་ཉག་ཅིག་ཏུ་གྲུབ་པས། སྤྱི་ལོ་1987ལོའི་ཟླ་12པའི་ཚེས་21ཉིན། ཡུན་ནན་ཞིང་ཆེན་གྱི་རིག་དངོས་སྲུང་སྐྱོང་ཚན་པའི་ཁོངས་སུ་ཚུད། ད་ཆ་དགོན་པ་འདིར་བང་རིམ་ལྔ་ཅན་གྱི་འདུ་ཁང་ཆེན་མོ་གཅིག་དང་། རྡོ་རྗེ་འཆམ་ར་གཅིག སྒོ་ར་གྲུ་བཞི་གཅིག བཤད་སྒྲ་གཅིག རུང་ཁང་གཅིག བླ་བྲང་བཞི། གྲྭ་ཤག་ཉིས་བརྒྱ་དང་བརྒྱད་ཅུ་གྱ་གསུམ་བཅས་ཡོད། དགོན་སྡེའི་ཁོངས་སུ་ལྔ་མཆོད་བདུན་དང་། བླ་རྒྱུད་དགུ དེང་བཞུགས་བླ་སྤྲུལ་གསུམ། དགེ་བཤེས་བཅུ་གཅིག རིམ་པ་གསུམ་པའི་མཚན་གནས་ཐོབ་པའི་མཐོ་རིམ་གྲྭ་བ་བཅོ་ལྔ་བཅས་ཁྱོན་བསྡོམས་དགེ་འདུན་པ་364ཡོད་པ་རེད།
▲དུས་རབས་གོང་མའི་དུས་མཇུག་ཏུ་དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བས་དགེ་བསྐོས་སྟོན་མོ་ཐོག་འབག་འཆམ་བཞིན་པ།
དེ་ཡང་དགའ་ལྡན་དོན་གྲུབ་གླིང་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་བྱེད་སྒོ་དང་དུས་ཆེན་སྣ་མང་ཡོད་དེ། དཔེར་ན་བོད་ཟླ་1པོའི་ཚེས་8ཉིན་ནས་དུས་ཡུན་ཉིན་10རིང་སྨོན་ལམ་ཆེན་མོ་འཚོགས་པ་དང་། དེའི་རིང་དགོན་སྡེའི་བླ་མ་དང་གྲྭ་བ་ཡོངས་དགོན་སྡེར་འཛོམས་ནས་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་ཡོངས་བདེ་ཞིང་སྐྱིད་པའི་སྨོན་ལམ་འདེབས་པ་རེད། བོད་ཟླ་2པའི་ཚེས་23ཉིན་ནས་29ཉིན་བར་གཏོར་ཆེན་ཡིན་ཏེ། དུས་ཡུན་ཉིན་7རིང་གཏོར་མ་རྒྱག་དགོས། བོད་ཟླ་3པའི་ཚེས་8ཉིན་ནས་ཚེས་17ཉིན་བར་དཀྱིལ་འཁོར་གྱི་ཆོ་ག་ཕུལ་ནས། དགོན་སྡེའི་གྲྭ་བ་རྣམས་ཀྱིས་རྡུལ་ཚོན་བྱེ་མའི་དུས་འཁོར་དཀྱིལ་འཁོར་འབུལ་བ་དང་ཆོས་འདོན་པ་ཡིན། བོད་ཟླ་7པའི་ཚེས་15ཉིན་ནས་ཉིན་45རིང་དབྱར་གནས་འཚོག་དགོས་པ་དང་། བོད་ཟླ་8པའི་ཚེས་28དང་ཚེས་29ཉིན་ནི་དགེ་བསྐོས་ཀྱི་སྟོན་མོ་ཡིན་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་དད་ལྡན་མང་ཚོགས་གནས་འདིར་ཕེབས་ནས་དུས་ཆེན་ལ་རོལ་བ་དང་འབག་འཆམ་ལ་ལྟ་བ་རེད། བོད་ཟླ9པའི་ཚེས22ཉིན་ལྷ་བབས་དུས་ཆེན་ཡིན་པ་དང་། བོད་ཟླ10པའི་ཚེས25ཉིན་དགའ་ལྡན་ལྔ་མཆོད་སོགས་མཚར་དུ་མངར་བའི་སྲོལ་རྒྱུན་གྱི་དུས་ཆེན་ཡུན་ནས་ཡུན་དུ་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་པ་རེད།
▲དུས་རབས་འདིའི་དུས་འགོར་དགའ་ལྡན་དོན་གྲུབ་གླིང་གི་ན་སོ་དར་ལ་མ་བབས་པའི་དགེ་འདུན་པའི་རིག་གནས་རྨང་གཞིའི་སློབ་ཆུང་གི་འཛིན་གྲྭ་གཉེར་འགོ་ཚུགས་པའི་མཛད་སྒོའི་ཐོག་གི་མཉམ་པར།
དགའ་ལྡན་དོན་གྲུབ་གླིང་གི་མདོ་སྔགས་སློབ་གླིང་ནི་གྲྭ་ཚང་གི་ཤར་ངོས་སུ་ཡོད་པ་དང་། དེ་ནི་བཀྲ་ཐང་སྐུ་ཕྲེང་བདུན་པས་བཞེངས་ཤིང་། 2002ལོར་དངོས་སུ་སློབ་འགོ་བརྩམས་པ་དང་། 2014ལོའི་ཟླ11པར་ཡུན་ནན་ཞིང་ཆེན་ནང་བསྟན་སློབ་གླིང་བོད་ཡིག་ཚན་ཁག་ཡན་ལག་སློབ་གླིང་དུ་དངོས་སུ་བསྒྱུར། སློབ་གླིང་དུ་གཞུང་བཀའ་པོད་ལྔ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་བརྡ་རིག་པ་སོགས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད། སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྒོ་ནས་ནང་ཆོས་དར་སྤེལ་དང་མདོ་སྔགས་དང་སློབ་གསོ་ཟུང་འབྲེལ་བྱས་ནས་ཀུན་སྤྱོད་ལེགས་པོ་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། དགེ་འདུན་ལ་སྡོམ་ཁྲིམས་དང་རྒྱལ་ཁྲིམས་དམ་སྲུང་། ཆོས་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་ཡོད་ཅིང་། སྲོལ་རྒྱུན་རྒྱུན་འཛིན་དང་དེང་རབས་ལ་འཚམ་པའི་རྨང་གཞིའི་ཐོག་གཟབ་ནན་གྱིས་དཔེ་སྦྱོང་སྒྲིག་སྲོལ་དང་། སྐས་རིམ་རིམ་སྤོར། རྒྱུགས་ལེན་ལམ་ལུགས་སོགས་ཞིབ་ཅིང་ཚགས་པའི་སྒྲིག་ལམ་གཏན་འབེབས་བྱས་ཡོད།
▲2017ལོའི་12པའི་ཚེས29ཉིན་དགའ་ལྡན་དོན་འགྲུབ་གླིང་མདོ་སྔགས་སློབ་གྲྭའི་འཛིན་གྲྭ་སོ་སོར་བྲི་རྒྱུགས་སྤྲོད་བཞིན་པ།
མེ་ཏོག་མཆོད་པ་བཞེངས་པའི་ལག་རྩལ་ནི་དགོན་སྡེའི་སྲོལ་རྒྱུན་ལག་རྩལ་གྱི་འབྱུང་རྩ་ཡིན།
དགའ་ལྡནདོན་གྲུབ་གླིང་གི་མེ་ཏོག་མཆོད་པ་ནི་ལོ་རེའི་དཔལ་ལྡན་སྨོན་ལམ་གྱི་སྐབས་སུ་གསར་བཞེངས་བྱེད་བཞིན་ཡོད་ཅིང་། དགོན་པའི་གྲྭ་བ་རྣམས་ཀྱིས་རྒྱུ་གཙོ་བོ་འབྲི་མར་ལ་བརྟེན་ནས་ལྷ་སྐུ་དང་རྣམ་ཐར། དེ་མིན་མཐུན་པ་སྤུན་བཞི་དང་ཚེ་རིང་རྣམ་དྲུག་སོགས་སྐུ་བརྙན་གྱི་ལམ་ནས་བཞེངས་པའི་བཟོ་རིག་སྒྱུ་རྩལ་ཐུན་མོང་མ་ཡིན་པ་ཞིག་རེད།
▲དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བས་བཞེངས་པའི་མེ་ཏོག་མཆོད་པ།
དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བ་བློ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། དགའ་ལྡན་དོན་གྲུབ་གླིང་གི་མེ་ཏོག་མཆོད་པ་ནི་ཡུན་ནན་ཞིང་ཆེན་མེ་ཏོག་མཆོད་པ་བཞེངས་སྐྲུན་གྱི་དངོས་མིན་རིག་གནས་ཤུལ་བཞག་གི་བཞེངས་སྐྲུན་རྒྱུན་འཛིན་གྱི་གྲས་སུ་ཚུད་ཡོད་ཅིང་། གྲྭ་བ་བློ་བཟང་དང་བཅས་པའི་མི་གཉིས་ལ་རྒྱུན་འཛིན་མི་སྣའི་ཐོབ་ཐང་གི་དཔང་ཡིག་སྤྲད་ཡོད་པ་རེད། དགོན་པའི་མེ་ཏོག་མཆོད་པ་ནི་དགོན་སྡེའི་གྲྭ་བ་རྣམས་རེས་མོས་བྱས་ཏེ། གྲྭ་པ་11གིས་ཚོ་ཆུང་གཅིག་གྲུབ་ནས་ལོ་གསུམ་ལ་མེ་ཏོག་མཆོད་པ་དང་དཀྱིལ་འཁོར། མར་རྒྱན་སོགས་བཟོ་དགོས་པ་དང་། དེ་ཡང་མེ་ཏོག་མཆོད་པ་ནི་དུས་ཡུན་ཉིན་7རིང་ལ་བཟོ་དགོས། གྲྭ་པ་རྣམས་གཙོ་བོ་ལྷ་ས་དང་བླ་བྲང་སོགས་སུ་སོང་ནས་མེ་ཏོག་མཆོད་པའི་བཟོ་བཀོད་ཐད་ཀྱི་སྒྲིག་གཞི་སློབ་སྦྱོང་བྱས་པ་ཡིན་པས། དགའ་ལྡན་དོན་གྲུབ་གླིང་གི་མེ་ཏོག་མཆོད་པར་བོད་འབྲེལ་ས་ཁུལ་གཞན་དང་མི་འདྲ་བའི་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་དེ། བཟོ་བཀོད་ཐད་ཆ་ཚང་བའི་སྒྲིག་གཞི་དང་ཚན་རིག་གི་གོ་རིམ་ལྡན་ལ། སྐུའི་ཐིག་རྩ་དྲང་ཞིང་ཞིབ་ཚགས་ཆེ་བ་དང་། ཁ་དོག་བཀྲ་བ། རྣམ་པ་གསལ་བ། བརྗོད་བྱ་སྣ་མང་ཞིང་རྒྱབ་ལྗོངས་མཛེས་སྡུག་ལྡན་པའི་ལག་ཤེས་མཆོག་གྱུར་ཞིག་ཏུ་གྲུབ་ཡོད་ཅེས་བཤད།
སྐྱེ་ཁམས་སྲུང་སྐྱོང་ཐད་རང་ནུས་ཅི་ཡོད་འདོན་པ་ནི་དགོན་སྡེ་འདིའི་བླ་ན་མེད་པའི་སྲོལ་བཟང་ཡིན།
དགའ་ལྡན་དོན་འགྲུབ་གླིང་གིས་ནང་བསྟན་ཆོས་ལུགས་ཀྱི་སྐྱེ་ཁམས་འདུ་ཤེས་དང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་འདུ་ཤེས་གཉིས་ཟུང་འབྲེལ་བྱས་ཏེ། ཧུར་བརྩོན་གྱིས་ཁོར་ཡུག་སྲུང་སྐྱོང་དང་འཆམ་མཐུན་དགོན་སྡེ་འཛུགས་སྐྲུན་བྱེད་རྒྱུ་ཟུང་དུ་འབྲེལ་ནས། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བ་རེད།
དགའ་ལྡན་དོན་གྲུབ་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་དགའ་ལྡན་དོན་གྲུབ་གླིང་གི་དགོན་སྡེའི་བླ་མ་དང་གྲྭ་བས་ཁོར་ཡུག་སྲུང་སྐྱོང་དང་འབྱུང་ཁམས་བདེ་ཐང་རྒྱུན་སྐྱོང་སྤེལ་གསུམ་བྱེད་པའི་གལ་ཆེའི་རང་བཞིན་ལ་གཙིགས་ཆེན་བྱས་ནས། ལོ་གང་མང་རིང་ཆོས་ལུགས་དང་ཚན་རིག་ཟུང་འབྲེལ་བྱས་ཏེ་པད་མ་རི་བོ་གཙོ་བྱས་ནས་རི་དྭགས་དང་། གངས་རི། ཆུ་བོ་བཅས་ལ་སྲུང་སྐྱོང་བྱེད་པའི་ལས་གཞིའི་ནང་ཞུགས་ནས་འབྲི་ཆུ་དང་འབྲི་ཆུའི་སྐྱེ་དངོས་སྣ་མང་སྲུང་སྐྱོང་གི་ལས་ལ་བྲེལ་བཞིན་ཡོད་ཅེས་བཤད།
▲དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བས་དགོན་སྡེའི་ཉེ་འཁོར་དུ་ཤིང་ཕུང་འཛུགས་བཞིན་པ།
ཀོང་རྩེད་ར་གྲོང་རྡལ་ཤོག་གསུམ་གྲོང་ཚོའི་གྲོང་མི་བསྟན་འཛིན་གྱིས་ཁོ་རང་དགོན་སྡེའི་གྲྭ་བ་དང་མཉམ་དུ་ཤིང་སྡོང་བཙུགས་མྱོང་ལ། གྲྭ་བ་དང་མཉམ་དུ་ཀོང་རྩེད་རའི་གནས་རི་སྟེ་རི་སྙིང་དཔལ་བོའི་མཐའ་འཁོར་དུ་གད་སྙིགས་འཐུ་བ་སོགས་ཀྱི་ལས་ལ་ཞུགས་མྱོང་། དགོན་སྡེའི་བླ་མ་དང་གྲྭ་བས་དུས་རྒྱུན་དུ་ང་ཚོ་དད་ལྡན་མང་ཚོགས་ལ་གནས་རི་དང་གཞི་བདག་སྲུང་སྐྱོང་བྱེད་དགོས་པ་དང་། རི་དྭགས་གཅན་གཟན་གྱི་ཤ་མི་ཟ་བ། ཆུའི་འགོ་ཁུངས་ལ་འབག་བཙོག་མི་བྱེད་པ་སོགས་ཀྱི་ཤེས་བྱ་ཁྱབ་བསྒྲགས་བྱས་པས། ང་ཚོ་གྲོང་མི་རྣམས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་ཞེས་བཤད།
རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱ་རྒྱུ་ནི་དགོན་སྡེ་འདིའི་ཁྱད་འཕགས་ཀྱི་སྲོལ་བཟང་ཡིན།
▲དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ།
དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བས་དགེ་ལུགས་པའི་སྡོམ་ཁྲིམས་ནན་གྱིས་སྲུང་ནས་དམ་པའི་ཆོས་ལ་བརྩོན་པ་དང་། དགོན་པའི་སྒྲིག་ཁྲིམས་སྣ་ཚོགས་བརྩི་སྲུང་བྱས་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་བར་བརྩི་སྲུང་བྱེད་བཞིན་ཡོད། དགོན་སྡེ་རུ་བཀྲ་ཐང་རིན་པོ་ཆེ་དང་། ཤར་རྩེ་བསྟན་འཛིན་ཆོས་འཕེལ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་མཆོག་བླ་མ་དམ་པ་མང་པོ་བཞུགས་པས། དགོན་སྡེའི་གྲྭ་བ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མེད་སྙིང་སྟོབས་བཞག་ཡོད།
དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྒན་བློ་བཟང་དགེ་འདུན་ནི་ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ནས་2017ལོའི་ཟླ་8པར་སྐབས་དང་པོའི་འབྲིང་རམས་པའི་ཡོན་གནས་དམ་བཅའ་དང་དཔྱད་རྩོམ་བགྲོ་གླེང་དུ་ཞུགས་ནས་ཕུལ་བྱུང་གི་སྦྱངས་འབྲས་ཀྱིས་འབྲིང་རིམ་རམ་འབྱམས་པའི་ཡོན་གནས་བླངས་ཡོད་པ་རེད། རྒན་བློ་བཟང་དགེ་འདུན་གྱིས་ཁོ་རང་མུ་མཐུད་དུ་ལྷ་སར་སོང་ནས་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཤིན་ཏུ་ཆེ་མོད། འོན་ཀྱང་རང་ཉིད་དགོན་སྡེའི་དོ་དམ་ཨུ་ལྷན་གྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་དགོན་སྡེའི་ལས་ཀ་མང་པོ་ཞིག་ཕྲག་ཏུ་བབས་ཡོད་པས། ཕྱི་རུ་མུ་མཐུད་དུ་སློབ་སྦྱོང་ལ་འགྲོ་བའི་དུས་ཚོད་མེད་པ་རེད། དེ་བས་རང་ཉིད་ནས་འགོ་བརྩམས་ཏེ་དགོན་སྡེའི་སྒྲིག་སྲོལ་ལམ་ལུགས་ནན་གྱིས་བརྩི་སྲུང་ཞུས་ནས“ཚད་གཞི་བཞི”ལག་ལེན་བསྟར་རྒྱུར་སྣེ་ཁྲིད་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་སྲུང་མཁན་གྱི་ཆོས་ལུགས་མི་སྣ་ཞིག་བྱེད་པར་བརྩོན་ལེན་བྱས་ནས། ནང་བསྟན་ཤེས་ལ་རྒྱལ་ཁྲིམས་ཀྱང་སྲུང་བའི་གྲྭ་པ་ཞིག་བྱས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཐད་རང་ནུས་གང་ཡོད་འདོན་རྒྱུ་ནི་ངའི་འོས་འགན་ཡིན་ཞེས་བཤད།
▲དགའ་ལྡན་དོན་འགྲུབ་གླིང་གི་གྲྭ་བས་ཝུའུ་ཧན་ལ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཐད་ཞལ་འདེབས་མ་དངུལ་འབུལ་བཞིན་པ།
དེའང་རང་བྱུང་ཁམས་ཀྱི་འཇིག་ཉེན་ནི་མི་སུ་ཡིན་རུང་ལྡོག་ཐབས་བྲལ་ཤིང་། མི་ཡུལ་དུ་བྱམས་བརྩེ་ལྡན་ན་མི་འགྲུབ་བྱ་བ་གཅིག་ཀྱང་མེད་ཟེར་བ་ལྟར། ཚང་མས་རྡོག་རྩ་གཅིག་སྒྲིལ་དང་ནུས་ཤུགས་མཉམ་འདོན་གྱིས་འཇིག་ཉེན་འདི་ཕར་རྒོལ་བྱས་ན་ད་གཟོད་བདེ་སྐྱིད་ཀྱི་མ་འོངས་བསུ་ཐུབ། དགའ་ལྡན་དོན་གྲུབ་གླིང་གི་གྲྭ་པ་རྣམས་ཀྱིས་ཀྱང་རྒྱལ་གཅེས་ཆོས་གཅེས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་ལག་བསྟར་གྱིས་བགེགས་བར་ཆད་ལ་ཁ་གཏད་གཅོག་ཐུབ་པ་དང་། ཏང་ལ་བློ་གཅིག་སེམས་གཅིག་དང་མེས་རྒྱལ་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གངས་ལྗོངས་ས་མཐོའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་བཞིན་ཡོད་པ་རེད། དགའ་ལྡན་དོན་འགྲུབ་གླིང་གི་དགོན་གཞུང་དང་། མཚན་ཉིད་སློབ་གྲྭ། མངའ་མཆོད་བདུན། གྲྭ་དམངས་ཀྱིས་ཝུའུ་ཧན་ལ་ཏོག་གསར་གློ་ཚད་ཀྱི་ནད་ཡམས་སྔོན་འགོག་ཐད་ཞལ་འདེབས་མ་དངུལ་སྒོར366666ཕུལ་བ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་བརྒྱུད། དགོན་བདེའི་གྲྭ་བ་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲངས་ནས་ཏང་གི་འཁྲུངས་སྐར་ལ་བཀྲ་ཤིས་སྨོན་འདུན་ཞུས་པར་མ་ཟད། དུས་རྒྱུན་གྱི་འཚོ་བའི་ཁྲོད་“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞིའི་བླང་བྱ་ལག་ལེན་ནན་ཏན་བྱས་ཏེ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱིས་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་ཡོད།
དེང་གི་བདེ་སྐྱིད་འཚོ་བར་བསྟོད་པའི་མཐེ་བོང་བསྒྲེངས་པ་ནི་དགོན་པ་འདིའི་བཀའ་དྲིན་གྱི་རྣམ་པ་ཞིག་ཡིན།
དགའ་ལྡན་དོན་གྲུབ་གླིང་གི་གྲྭ་བ་བློ་བཟང་དགེ་འདུན་གྱིས་རང་ཉིད་1994ལོར་གྲྭ་སར་ཞུགས་པ་དང་། དེ་དུས་དགོན་སྡེའི་ལམ་དང་ཆུ་གློག་སོགས་ཀྱི་ཆ་རྐྱེན་ལེགས་པོ་མི་འདུག རིམ་པ་གཉིས་པའི་གཞུང་ལམ་བསྐྲུན་པ་ནས་བཟུང་། དགོན་སྡེའི་ཆ་རྐྱེན་ཇེ་ལེགས་ནས་ཇེ་བཟང་དུ་སོང་ཞིང་། དེ་སྔ་དགོན་པའི་ནང་དུ་གྲྭ་ཤག་20ལྷག་ལས་མེད། ད་ལྟ་གྲྭ་ཤག་283ཡོད་པར་མ་ཟད། གྲྭ་ཤག་ནང་དུ་རང་འབབ་ཆུ་དང་གློག གསང་སྤྱོད་ཁང་སོགས་སྒྲིག་གཞི་ལེགས་པོ་ཡོད། ང་ཚོ་དགེ་འདུན་པ་ཞིག་ལ་མཚོན་ན་དུས་རྒྱུན་གྱི་ལས་ཀ་ནི་ཆོས་འདོན་རྒྱུ་ཡིན་པས། དཔལ་འབྱོར་གྱི་ཡོང་ཁུངས་མེད་ཀྱང་། ཏང་གི་དམངས་ཕན་སྲིད་ཇུས་ལས་ང་ཚོའི་གྲྭ་བཙུན་ལ་རྒས་དུས་འཚོ་རྟེན་ཡོད་པ་དང་ན་དུས་སྨན་བཅོས་ཐུབ་པས། ང་ཚོའི་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་བློ་རྩེ་གཅིག་སྒྲིམ་ངང་སངས་རྒྱས་ཆོས་ལ་སློབ་སྦྱོང་ཡག་པོ་བྱེད་ཐུབ་པ་བཅས་བྱུང་བས་སེམས་སུ་དྲོ་སྐྱིད་ཚད་མེད་བྱུང་ཡོད། དགོན་སྡེ་ལ་འདི་འདྲའི་འཕེལ་རྒྱས་བྱུང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་ཐུགས་ཁུར་ཡིན་ཞིང་། ངས་བློ་གཅིག་སེམས་གཅིག་གི་སྒོ་ནས་དགོན་པའི་ནང་དུ་ཆོས་འདོན་ཐུབ་པ་འདིའང་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན། ང་རང་གིས་བསམས་ན་འདི་ལས་ལྷག་པའི་བདེ་སྐྱིད་ཀྱི་འཚོ་བ་མེད་སྙམ་བྱུང་ཞེས་ཐལ་མོ་སྦྱར་ནས་བཀའ་དྲིན་ཞུ་ཞོར་དུ་བཤད་བྱུང་།