རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
▲འཇོལ་ཟངས་གྲུབ་དགོན་གྱི་ཕྱིའི་བཀོད་པ།
འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ནས་འབྲི་ཆུའི་བཞུར་ལམ་བརྒྱུད་དེ་སྤྱི་ལེ་30ལྷག་བསྐྱོད་རྗེས་ཐོབ་ཐང་གྲོང་སྡེའི་དགོན་ལམ་གྲོང་མི་ཚོ་ཆུང་དུ་ཐོན་པ་རེད།གྲོང་ཚོའི་ལམ་འགྲམ་དུ་ཟངས་གྲུབ་ཡུལ་གསར་དགོན་ཞེས་པའི་དགོན་པའི་ཕྱི་སྒོ་ཀྲོང་ངེར་འགྱངས་འདུག དགོན་པའི་ཕྱི་སྒོ་ནས་རྟ་ཕོ་སྒང་དང་གཡག་ལམ་སྒང་སོགས་གྲོང་སྡེ་འགའ་བརྒྱུད་ནས། སྤྱི་ལེ12ལྷག་གི་བདེ་མོ་ཐང་དང་གཟར་མོ་གཡང་བརྒལ་ཏེ་གྱ་གྱུའི་གཞུང་ལམ་བརྒྱུད་མཐར་ཟངས་གྲུབ་དགོན་དུ་ཐོན་པ་རེད།ལམ་བརྒྱུད་དུ་ཚང་ཚང་ལོ་འདབ་སྟུག་པའི་ནགས་ཚལ་དང་མཚར་སྡུག་གཟི་བྱིན་ལུས་ལ་རྫོགས་པའི་གངས་ཀྱི་རི་བོ་མིག་ལམ་དུ་མངོན་པར་བྱེད། དགོན་སྡེའི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག ལམ་གྱི་ཕྱོགས་གཉིས་སུ་ཕྲེང་བསྟར་བསྒྲིགས་པའི་ལམ་སྒྲོན་དང་། ཁོད་ཡངས་ཤིང་སྙོམས་པའི་གཞུང་ལམ་ཡོད་པ་མ་ཟད།དགོན་པའི་གྲྭ་བ་ཞིག་གིས་ལུས་སྦྱོང་སྒྲིག་ཆས་ཐོག་ལུས་སྦྱོང་བྱེད་བཞིན་འདུག་ལ། ཚོགས་ཆེན་འདུ་ཁང་ནས་བཀྲ་ཤིས་འཆད་ཉན་གྱི་ཆོས་སྒྲ་མཁའ་རུ་འཕྱོ་བ། ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་དད་ལྡན་མང་ཚོགས་ཀྱིས་གདོང་ལ་འཛུམ་དང་བཅས་གནས་མཇལ་ལ་བྲེལ་འདུག་པས།དགོན་པའི་ག་ས་གང་དུ་འཆམ་འཐུན་དང་བདེ་སྐྱིད་ཀྱི་རྣམ་པ་ཞིག་ཁྱབ་འདུག
རྒྱལ་གཅེས་ཆོས་གཅེས་ཀྱི་སྐྱེས་མཆོག་དམ་པ་ནི་གྲྭ་དམངས་རྣམས་ཀྱི་སློབ་སྦྱོང་གི་མིག་དཔེ་ཡིན།
འཇོལ་ཟངས་གྲུབ་དགོན་དུ་གནའ་ནས་བཟུང་རིག་པའི་གཞུང་ལུགས་དང་ཁྱད་པར་དུ་ནང་བསྟན་གྱི་མདོ་སྔགས་གཉིས་ཆར་བྱང་ཆ་ཤིན་ཏུ་ཆེ་བའི་རྒྱལ་གཅེས་ཆོས་གཅེས་ཀྱི་དམ་པ་མང་པོ་བྱུང་མྱོང་།དཔེར་ན་དགོན་བདག་བླ་མ་ཚངས་དབྱངས་རིན་པོ་ཆེ་དང་།གདུལ་བྱའི་ཞིང་དུ་མཛད་འཕྲིན་རྒྱས་པར་གནང་དང་གནང་བཞིན་པའི་ཟངས་གྲུབ་ངག་དབང་གྲགས་པ་ལགས་སོགས།
དགོན་བདག་བླ་མ་ངག་དབང་གྲགས་པ་ནི་ནང་བསྟན་གྱི་མདོ་སྔགས་གཉིས་ཀར་མཁས་ཤིང་རྒྱལ་གཅེས་ཀྱི་ཆོས་ལུགས་མི་སྣ་ཞིག་ཡིན།ཁོང་ཉིད་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་སྲིད་གྲོས་དང་བོད་རང་སྐྱོང་ལྗོངས་ཆོས་ལུགས་ཅུས།བོད་ལྗོངས་ནང་བསྟན་མཐུན་ཚོགས་སོགས་སུ་ཕྱག་ལས་གནང་མྱོང་།གཞན་གྲགས་པ་རིན་པོ་ཆེ་ཡིས་དགོན་སྡེའི་གྲྭ་བ་དང་དད་ལྡན་མང་ཚོགས་ལ་ཏང་གི་མི་རིགས་ཆོས་ལུགས་ཀྱི་དགོངས་དོན་དང་དམངས་ཕན་གྲྭ་ཕན་གྱི་སྲིད་ཇུས་སོགས་སྒྲོག་འགྲེལ་བྱས་ནས་དགོན་པའི་གྲྭ་བ་དང་དད་ལྡན་མང་ཚོགས་ཀྱི་སློབ་སྦྱོང་གི་མིག་དཔེར་གྱུར་བའི་རྩ་བའི་བླ་མ་ཡིན།
▲2021ལོའི་ཟླ5པའི་ཚེས24ཉིན།ཟངས་གྲུབ་དགོན་གྱི་གྲྭ་བ་བསྟན་འཛིན་འཕྲིན་ལས་ཀྱིས་ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་རྒྱལ་དར་བསྒྲེངས་བཞིན་པ།
རྒན་བསྟན་འཛིན་འཕྲིན་ལས་ནི་འཇོལ་ཟངས་གྲུབ་དགོན་གྱི་གྲྭ་བ་ཡིན་པ་དང་།ཁོང་གིས་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་ལ་ལྕག་གིས་སྐུལ་ནས་ལོ་ངོ་དུ་མའི་རིང་ལ་རིག་པའི་གནས་ལ་བསླབ་པ་བརྒྱུད།མཐར་ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་པེ་ཅིང་མཐོ་རིམ་པའི་ནང་བསྟན་སློབ་གླིང་སོགས་སུ་རྒྱུགས་སྤྲད་ནས་མཐོ་རིམ་པའི་ཡོན་གནས་བླངས་པ་རེད། ད་ལྟ་ཁོ་རང་ཡུན་ནན་བདེ་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་གི་ཡོད་ལ།ཁོང་གིས་ཁོ་རང་ཡུལ་གཞན་དུ་སློབ་སྦྱོང་ལ་སོང་ནས་ལོ་དུ་མང་འགོར་སོང་།ད་ལྟ་ང་རང་དགོན་སྡེར་སོང་བ་ན་དགོན་སྡེ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག དགོན་སྡེའི་ཆ་རྐྱེན་ནི་ལོ་རེ་ནས་ལོ་རེར་བཟང་བ་ཡིན་པ་ཐམས་ཅད་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་དགོན་བདག་བླ་མའི་བཀའ་དྲིན་ཡིན།ང་ལ་འདི་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་དང་དགེ་རྒན་གྱི་ཕྱག་ལས་མཛད་ཐུབ་པ་འདི་ཡང་ཁོང་རྣམ་པའི་བཀའ་དྲིན་ཡིན་པས།ཁོང་ཚོའི་ཡིད་ཆེས་དང་རེ་བ་གཏོང་ཟད་དུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བ་ཞིག་བྱས་ནས་རང་དགོན་པའི་གྲྭ་བ་ཡིན་ནའང་ཆོག ནང་བསྟན་སློབ་གྲྭའི་སློབ་མ་རྣམས་ཀྱི་མིག་དཔེ་སྟོན་ས་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
བདེ་སྐྱིད་དང་འཆམ་མཐུན་མཉམ་གནས་ཀྱི་དགོན་སྡེའི་རྣམ་པ་གསར་བ་ནི་དེང་གི་སྲིད་ཇུས་བཟང་པོའི་དྲིན་ལས་བྱུང་།
གཙང་ཞིང་མཛེས་པའི་གྲྭ་ཤག་དང་བདེ་ཞིང་སྙོམས་པའི་གཞུང་ལམ། ཕྲེང་བསྟར་བསྒྲིགས་པའི་གློག་སྒྲོན།དེ་མིན་སྤུས་ཀ་ལེགས་པའི་ལུས་རྩལ་སྦྱོང་ཆས་དང་ཡངས་ཤིང་རྒྱ་ཆེ་བའི་འཁོར་བཞག་ཐང་སོགས་དགོན་པའི་རྨང་གཞི་སྒྲིག་ཆས་ནི་ཧ་ཅང་འཐུས་ཚང་དང་སྒྲིག་བཀོད་ལྡན་པ་ཞིག་རེད།
ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་གྲོས་སྡེའི་དཀྱིལ་ཞིང་གྲོང་མི་ཚོ་ཆུང་གི་གྲོང་མི་གཡུ་སྒྲོན་གྱིས་མོ་ཚང་ནི་ལོ་རེར་ཟངས་གྲུབ་དགོན་ལ་མཇལ་དུ་འགྲོ་གི་ཡོད།མོ་རང་ཆུང་དུས་སུ་ཕ་མ་དང་མཉམ་དུ་འགྲོ་སྐབས་དུས་ཡུན་ཉིན་གཅིག་ལ་འགྲོ་དགོས་པ་རེད།དེ་དུས་ཕ་མས་དགོན་པར་འགྲོ་སྐབས་བསང་དང་རྟེན་རྫས་འཁྱེར་དགོས་པ་མ་ཟད།ལམ་བར་དུ་ཟ་རྒྱུའི་ལམ་བྲོ་ཡང་འཁྱེར་དགོས། མོའི་དྲན་ཤེས་སུ་ཟངས་གྲུབ་དགོན་ནི་སྟོད་ཉི་མ་ལྷ་ས་འདྲ་བའི་ལམ་ཐག་ཡོད་པ་འདྲ།ཉིན་གང་བོར་སོང་སོང་རྗེས་ད་གཟོད་ཐོན་ཐུབ།མཚམས་ལ་རེར་གཡག་ལམ་སྟེང་གྲོང་ཚོ་རུ་གནས་ཡར་ནས་ཞག་སྡོད་བྱས་ཚུལ་ཡང་ཡོད།ད་ལྟ་ནི་གཞུང་ལམ་ལས་ཟིན་པས་དེ་སྔོན་དང་བསྡུར་ན་ཧ་ཅང་སྟབས་བདེ།རླངས་འཁོར་བསྐོར་ན་དུས་ཚོད་སྐར་མ་30ནང་ཐོན་ཐུབ་པ་རེད།ལོ་རེར་ཐེངས་རེའི་གནས་མཇལ་ནི་ད་ལྟ་རང་ཉིད་ལ་དུས་ཚོད་ཡོད་ཚེ་ཐེངས་ཅི་ཙམ་སོང་ན་ཡང་ཆོག དགོན་པའི་ཆ་རྐྱེན་ནི་ཉིན་རེ་ལས་ཉིན་རེར་བཟང་བོ་འདུག་ཅེས་བསྟོད་པའི་མཐེ་བོང་བསྒྲེངས་ཞོར་དུ་བཤད་བྱུང་།
▲2022ལོའི་ཟླ2པའི་ཚེས15ཉིན།ཟངས་གྲུབ་དགོན་གྱི་གྲྭ་བས་ལུས་རྩལ་སྦྱོང་ཆས་ཐོག་དགའ་སྤྲོའི་ངང་ལུས་རྩལ་སྦྱང་བཞིན་པ།
དགོན་པའི་མཁན་པོ་ངག་དབང་དཔལ་འབྱོར་ལགས་ཀྱིས་ཏང་གི་ཡང་དག་པའི་སྲིད་ཇུས་དང་སྤྱི་ཚོགས་ལས་རིགས་ཁག་དང་དད་ལྡན་མང་ཚོགས་ཀྱི་རྒྱབ་སྐྱོར་འོག ད་ལྟའི་དགོན་པ་ནི་དེ་སྔ་དང་བསྡུར་ན་རྒྱ་ཇེ་ཆེ་དང་འཕེལ་རྒྱས་སུ་སོང་ཡོད།གྲྭ་བ་རྣམས་ལ་བདེ་ཞིང་སྐྱིད་པའི་ཆོས་སྦྱོང་གི་ཁོར་ཡུག་ཞིག་བསྐྲུན་འདུག ང་ཚོའི་དགེ་འདུན་པ་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཇེ་ལེགས་ཇེ་བཟང་དུ་སོང་ཡོད།ངས་འདི་ནས་ཁོང་རྣམ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན་ཞེས་བཤད།
མཚར་སྡུག་གཟི་བྱིན་རྣམ་པར་འཕྲོ་བའི་སྟག་ལུང་བཀའ་བརྒྱུད་ཀྱི་གྲུབ་མཐའ་རྒྱུན་འཛིན་བྱེད་རྒྱུ་ནི་དགོན་སྡེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན།
འཇོལ་ཟངས་གྲུབ་དགོན་ནི་བདེ་ཆེན་ཁུལ་གྱི་སྟག་ལུང་བཀའ་བརྒྱུད་ཀྱི་དགོན་སྡེ་གལ་ཆེན་ཞིག་ཡིན།བདེ་ཆེན་ཁུལ་དུ་མིག་སྔར་སྟག་ལུང་བཀའ་བརྒྱུད་ཀྱི་དགོན་སྡེ་གཉིས་ལས་མེད།གཅིག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྔགས་འཕེལ་དགོན་ཡིན་པ་རེད། དགོན་པ་འདི་ནི་ཚངས་དབྱངས་རིན་པོ་ཆེ་སྐུ་ཕྲེང་དང་པོས་སྤྱི་ལོ་1548ལོར་ཕྱག་བཏབ། ཟངས་གྲུབ་ཅེས་ཞུ་དགོས་དོན་ནི་དགོན་སྡེའི་སྟག་ལུང་ཁམས་ཚན་བཞེངས་ཚར་དུས་ཐོག་རྩེའི་ཟངས་ཀྱི་རྒྱ་ཕིབས་དེ་ཡུལ་གསར་དགོན་གྱིས་ཕུལ་བས་མིང་འདི་ལྟར་ཐོགས།གཞན་དགོན་པ་ལ་ཡུལ་གསར་དགོན་དང་ཟངས་གྲུབ་དགོན།རྟ་ཕོ་སྒང་ཞེས་མིང་འདོགས་ཚུལ་ཡང་ཡོད་པ་རེད།ད་ལྟའི་བར་དགོན་པར་ལོ་ངོ་470ལྷག་གི་ལོ་རྒྱུས་ལྡན།1982ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འཇོལ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་ལྟར་བསྐྱར་བསྐྲུན་དང་ཞིག་གསོ་བྱས།ད་ལྟ་དགོན་པ་འདི་ལ་སྤྲུལ་སྐུ་1དང་གྲྭ་བ་25 གྲྭ་ཤག་21ཡོད་པ་རེད།
▲བོད་ཟླ་1པོའི་ཚེས15ཉིན།ཟངས་གྲུབ་དགོན་གྱི་གྲྭ་བས་ཚོགས་ཆེན་འདུ་ཁང་དུ་ཆོས་འདོན་བཞིན་པ།
འཇོལ་ཟངས་གྲུབ་དགོན་ནི་ཕྱོགས་བཞི་བཀྲ་ཤིས་གཡང་གིས་ཆགས་ཡོད་དེ།དགོན་པའི་དོ་དམ་ཁང་གི་ཁང་ཀླད་ནས་རྒྱང་ལྟ་བྱས་ཚེ།མིག་འདུན་དུ་པད་མ་རི་བོ་དང་འབའ་ལྷག་དཀར་རྫོང་།ཉི་ཤར་གྱི་རྩ་ཆུ་སོགས་གངས་རིའི་རི་འཁྱུད་མུ་ཡིས་སྐོར་ཡོད་ལ།དགོན་སྡེའི་རི་འདབས་སུ་འབྲི་ཆུ་སྔོན་མོ་ལྷུང་ལྷུང་དལ་གྱིས་བཞུར་བས། རང་བྱུང་ཁོར་ཡུག་གི་བཀོད་པ་ཚར་དུ་དངར། དེ་ཡང་སྤྲིན་གྱི་འདབ་མ་གོས་སུ་གྱོན་ནས་འཛིན་མའི་ཡང་རྩེར་འཕགས་པའི་གངས་ཀྱི་རི་བོ་ཞིག་གིས་མིག་གི་དུངས་བ་འདྲེན་པར་བྱེད་པའི་གངས་རི་འདིའི་མིང་ལ་ས་གནས་མང་ཚོགས་ཀྱིས་འོ་མཚོ་ཕྱུག་མོ་ཟེར།ངག་རྒྱུན་དུ་གངས་རི་འོ་མཚོ་ཕྱུག་མོའི་གདོང་ནི་ཀོང་རྩེད་ར་གྲོང་རྡལ་ཐོབ་ཐང་ཤང་ཧ་གར་གྲོང་ཚོར་གཏད་ཡོད་པས། ཧ་གར་གྲོང་ཚོར་འཇོ་སྒེག་ལྡན་པའི་སྨན་ཤར་བུ་མོ་མང་པོ་སྐྱེས་ཞེས་པའི་བཤད་སྲོལ་ཡོད་པ་རེད།
▲གངས་རི་འོ་མཚོ་ཕྱུག་མོ།
དགོན་པ་རུ་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་སྣ་མང་ཡོད་ལ།བོད་ཟླ་དང་པོའི་ནང་ཆོ་འཕྲུལ་སྨོན་ལམ་དང་།བོད་ཟླ་གསུམ་པར་ཚེ་སྒྲུབ། བོད་ཟླ་བཞི་བའི་ནང་སྨྱུང་གནས་སྲུང་བ།བོད་ཟླ་བདུན་པར་དབྱར་མཆོད།བོད་ཟླ་བཅུ་གཅིག་པའི་ཚེས29ནས་30ལ་གཏོར་རྒྱག་དང་འབག་འཆམ་སོགས་ཀྱི་བྱེད་སྒོ་སྣ་མང་ཡོད་པ་རེད།
▲ཟངས་གྲུབ་དགོན་གྱི་ཞལ་འབག
གཞན་དགོན་པས་འཆམ་མཐུན་དགོན་སྡེའི་ཚད་གཞི་དེ་དུས་རྒྱུན་གྱི་ཚད་གཞི་རུ་བཟུང་ནས།དགོན་སྡེའི་སྒྲིག་ལམ་འཐུས་ཚང་དུ་བཏང་བ་དང་།བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་རིག་གནས་རྒྱུན་སྐྱོང་སྤེལ་གསུམ་བྱེད་པ།དུས་རྒྱུན་གྱི་འཚོ་བའི་ཁྲོད་དགོན་སྡེའི་གྲྭ་བས་“ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་།ཆོས་ལུགས་ཐད་ཡོན་ཚད་ཡོད་པ།ཀུན་སྤྱོད་ཐད་ཚང་མས་ཁས་ལེན་པ།འགག་རྩའི་དུས་ནུས་པ་ཐོན་པ”བཅས་ཀྱི་ཚད་གཞིའི་བླང་བྱ་ལག་ལེན་ནན་ཏན་བསྟར་བྱས་ནས“འདུ་ཤེས་བཞི”ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་རིག་གནས་རྒྱུན་འཛིན་ཐད་རང་ནུས་ཅི་ཡོད་འདོན་བཞིན་ཡོད།
▲ཟངས་གྲུབ་དགོན་གྱི་གྲྭ་བས་རྒྱལ་གཅེས་འཕྲོད་བསྟེན་གྱི་བྱ་འགུལ་སྤེལ་བཞིན་པ།