乌克兰ལ་བོད་སྐད་དུ་ཡུག་རེན་ཟེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-03-17   རྩོམ་ཁུངས།    拉萨市藏语委办

༡ ཕྱི་རྒྱལ་གྱི་རྒྱལ་ཁབ་དང་རྒྱལ་ས་སོགས་ས་མིང་དང་། མིའི་མིང་ཕྱི་རྒྱལ་གྱི་སྒྲའི་འདོན་སྟངས་ལ་གཞི་འཛིན་ནས་སྒྱུར་ན་དགེ་མཚན་ཆེ།

དཔེར་ན།   西班牙Spain  སི་ཕིན།   马德里Madrid མ་ཏེ་རི་ལྟ་བུ་རེད།  

༢ རྒྱ་སྐད་དང་བསྡུར་ན་དབྱིན་ཇིའི་སྐད་ནས་བོད་སྐད་དུ་སྒྲ་སྦྱོར་བདེ་བའི་ཐོག ང་ཚོར་ལོག་ཡིག་དང་མཐུག་ཡིག་གི་ཆ་རྐྱེན་ཡོད་པས་སྒྲ་སྒྱུར་ལ་ཕན་པ་ཆེན་པོ་ཡོད། དེས་ན། ཡོད་པ་རྣམས་སྤྱོད་དགོས་པ་ལས་བེད་སྤྱོད་མེད་པར་བཞག་ན། རིན་ཐང་གང་ཡང་མེད་པ་མ་ཟད། གང་མཚམས་ནས་བརླག་འགྲོ་གི་རེད། ཞོར་དུ་བཤད་ན། བོད་ཡིག་གི་ཡིག་མགོ་དང་བོད་ཀྱི་ཨང་ཀི་དེ་ཡང་མ་སྤྱད་ན་བརླག་རྒྱུ་ཡིན།

དཔེར་ན། 希腊Greece གྷི་རི་སི།   匈牙利 Hungary ཧང་གྷ་རི།  加纳 Ghana  གྷ་ན་ལྟ་བུ་རེད།

༣  སྔར་ནས་རྒྱུན་འབྱམས་སུ་ཕྱིན་ཡོད་ན། བོད་མིའི་བག་ཆགས་ལྟར་སྔར་སྲོལ་བཞིན་བེད་སྤྱད་ན་དགེ་མཚན་ཆེ་བ་ལས་ཡིན་གཅིག་དབྱིན་ཇིའི་སྒྲ་བཞིན་སྒྱུར་མི་དགོས།

དཔེར་ན། 印度 India རྒྱ་གར།  尼泊尔Nepal བལ་པོ་ལྟ་བུ་རེད།   དེ་དག་ངེས་པར་དུ་སྒྲ་སྒྱུར་བྱས་ནས་ཧིན་རྡུ་དང་ནེ་པ་ལ་ཞེས་བརྗོད་པའི་དགོས་པ་དེ་ཙམ་མི་ཆེ།

༤  སྒྲ་སྒྱུར་གྱི་ཡི་གེ་སྤྱོད་སྐབས་དོན་འཛོལ་འགྲོ་བའི་ཡི་གེའི་རིགས་སྤྱོད་མི་ཉན།

དཔེར་ན། 巴西 Brazil པར་ཙིར་ཞེས་བཀས་བཅད་བྱས་ཡོད། པར་ཙིར་ཞེས་འབྲི་བ་ལས་སྦར་བཙིར་ལྟ་བུ་སྦར་མོས་བཙིར་བའི་དོན་ལ་གོ་འཛོལ་འགྲོ་བའི་ཉེན་ཁ་ཡོད་པས། ཡི་གེ་འདི་རིགས་སྤྱོད་མི་ཉན་པ་ལྟ་བུའོ།

༥ རྒྱ་ཡིག་ནས་བསྒྱུར་བའི་སྒྲ་ཞིག་བོད་མིའི་སེམས་ཀྱི་བག་ཆགས་དང་གོམས་སྲོལ་དུ་འཇགས་ནས། ཀུན་གྱིས་དོན་རྟོགས་ན། ཡིན་གཅིག་ཕྱི་རྒྱལ་གྱི་སྒྲ་ནས་གཡར་དགོས་པའི་རྩ་དོན་ཡང་གླེང་དགོས་དེ་ཙམ་མེད།

དཔེར་ན།  莎士比亚Shakespeare  ང་ཚོས་ཕྱི་རྒྱལ་གྱི་སྒྲ་བཞིན་ཤིག་སེ་པི་ཡར་ཞེས་བརྗོད་ན། ང་ཚོའི་སེམས་ཁམས་སུ་རྒྱ་སྐད་ནས་བསྒྱུར་བའི་ཧྲ་ཧྲེ་པི་ཡར་འདི་གོམས་ཚར་བར་བརྟེན། ཀློག་པ་པོའི་བསམ་པར་དེ་གཉིས་མི་གཉིས་མིན་ནམ་སྙམ་གྱི་ཡོད། དེའི་ཐད་ཡང་སྙིང་གང་འདྲ་སྒྱུར་དགོས་མིན་ལ་ད་དུང་བསམ་གཞིག་གི་ཆ་ཞིག་ཡོད།  འདི་དང་འདྲ་བ་རྒྱལ་ཁབ་ཀྱི་མིང་ནས་བརྗོད་ན་日本Japan རི་པིན།  朝鲜 North Korea  ཁྲའོ་ཞན་ལྟ་བུ་ལས་ཡིན་གཅིག་ལྗར་པན་དང་བྱང་ཁོ་རེ་ཡ་ཞེས་ཟེར་མི་དགོས་པ་ཡིན།

༥  རྒྱུན་དུ་མི་རྣམས་ཀྱིས་བེད་སྤྱོད་ཆེ་བ་དེ་སྤྱད་ན་སྐད་ཡིག་གཅིག་འགྱུར་ལ་ཕན་པ་ཡོད། ལྷག་པར་དུ་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པའི་སྤྱོད་ཚིག་ལ་བལྟ་དགོས། དེ་ལྟ་བའི་རྒྱུ་རྐྱེན་ནི། གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཚན་པའི་སྐད་ཆ་ཁྱབ་རྒྱ་ཆེན་པོ་ཡིན་པས་ན། དེར་དར་ཁྱབ་མགྱོགས་པའི་དགེ་མཚན་ལྡན་ཡོད།

དེས་ན། 乌克兰ལ་བོད་སྐད་དུ་ཡུག་རེན་ཞེས་གཅིག་འགྱུར་སྤྱད་ན་ཡག་པོ་འདུག་སྙམ། བོད་རྒྱ་དབྱིན་གསུམ་གྱི་ཚོག་མཛོད་ནང་ལའང་འདི་བྲིས་འདུག  ཡིད་གཟབ་བྱེད་དགོས་པར། འདི་སྒྲ་འདོན་སྐབས་དབུས་སྐད་ལས་ཨ་མདོའི་སྐད་ཀྱི་འདོན་སྟངས་ལྟར་རྗེས་འཇུག་ག་ཡིག་འདིའི་སྒྲ་གསལ་ཙམ་བཏོན་ན། དབྱིན་ཇིའི་སྐད་Ukraineདང་ཧ་ཅང་ཐག་ཉེ་པོ་ཆགས་ཀྱི་ཡོད་པ་རེད།

༦ གོང་གསལ་གྱི་དམིགས་བསལ་གནད་དོན་གསལ་འགྲེལ་ཕུད། སྤྱིར་ན་རྒྱལ་ཁབ་ཀྱི་མིང་དང་། དེ་མིན་རྒྱ་བོད་སྒྲ་སྒྱུར་གྱི་ཡི་གེ་ཇི་ལྟར་སྤྱོད་མིན་སོགས། ཚང་མས་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་རྒྱབ་ངོས་ལ་འཁོད་པར་དཔྱད་གཞི་བྱས་ན་ཡག་པོ་འདུག

༧ དེ་མིན་སྒྲ་སྒྱུར་ཐད་ལ་མདོ་དབུས་ཁམས་གསུམ་གྱི་སྐད་ལུགས་མི་འདྲ་བའི་རྐྱེན་གྱིས་ཅུང་དཀའ་ཙམ་ཆགས་ཡོད་ལ། གནད་དོན་ཀྱང་མང་ཙམ་ཐོན་སྲིད་པས། འཕྲལ་འཕྲལ་དུ་འགྲིག་ནོར་གླེང་ན་དོན་ལ་འབབ་རྒྱུ་དཀའ་ཙམ་ཡིན་པས་ཞིབ་འཇུག་ཡག་པོ་བྱ་དགོས། ད་དུང་བསམ་འཆར་ཞིག་བཏོན་ན། རིག་གཞུང་ཞིབ་འཇུག་པ་དང་ལྷག་པར་སྐད་བརྡ་རིག་པ་ཞིབ་འཇུག་གནང་མཁན་ཚོས། མདོ་དབུས་ཁམས་གསུམ་གྱི་སྐད་ཡིག་ལ་ཞིབ་འཇུག་ཙམ་ལ་མ་བསྡད་པར། སྐད་ཀྱི་གདངས་语音ལ་ཞིབ་འཇུག་ཅིག་གནང་ཐུབ་ན། སྐད་ཆ་གཅིག་འགྱུར་ཡོང་རྒྱུར་འགྲོ་ལམ་གསར་པ་ཞིག་བརྙེད་མི་ཡོང་ངམ་སྙམ་པ་དང་བཅས།   ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུའོ།

རིན་སྤུངས་ཉི་མ་དོན་གྲུབ་ནས།