ཡེར་མ་ལ་ཕན་ནུས་མང་པོ་ཞིག་ཡོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-07   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

གཡེར་མ་ནི་བོད་ལྗོངས་ཀྱི་སྤོ་ཡུལ་དང་། རྫ་ཡུལ། སྐྱིད་གྲོང་། མེ་ཏོག་སོགས་རོང་མཚམས་ཀྱི་ནགས་གསེབ་དང་ཧི་མ་ལ་ཡའི་རི་རྒྱུད། འབྲུག་ཡུལ། ནུབ་འབྲས་ལྗོངས་སོགས་ཀྱི་མཚོ་འཕགས་སྨི་2170ནས་3040བར་གྱི་ནགས་རོང་དང་། ཤིང་གསེབ་ལ་སྐྱེ་བ་མང་། རྩ་ཁ་འབྱེད་པ་དང་། ཟས་མི་འཇུ་བ། རྒྱུ་སྲིན་གྱིས་ན་ཟུག་ལྡང་བ། པགས་ནད་རིགས་ཀྱིས་ཟ་འཕྲུག་ལངས་པ། རྙིང་ལ་རླུང་ཞུགས་པ། དེ་མིན་ཆང་ནད་དང་ཕོ་བའི་ནད་རིགས་ལ་ཕན་པ་ཡིན།

    གཡེར་འབྲུག་ཆུ་འདྲེན། གཡེར་མ་དང་། གཟེ་མ། ལྕམ་འབྲུ། སྐྱུ་རུ། རྒྱ་ཚ། སྡིག་སྲིན་བསྡེབས། གཅིན་འགགས་ནད་སེལ་མྱོང་བས་གྲུབ། དེའི་སྟེང་ཤིང་ཚ་དང་། གསེར་བྱེ་གཉིས་བསྣན་ན་ཤིན་ཏུ་བཟང་།

    གཡེར་མ་ནི་གཡེར་སྡོང་གི་འབྲས་ཤུན་ཏུ་གཏོགས་ཤིང་། སྟོན་ཁར་འབྲས་བུ་བསྡུ་བ་དང་། ཉི་མར་སྐམ་ནས་ས་བོན་བླངས་ཤིང་ལྷད་རྫས་ཕུད་པས་ཆོག དེ་ནི་རྒྱུན་སྤྱོད་ཀྱི་བྲོ་རྫས་ཤིག་ཡིན་ལ་ཀྲུང་སྨན་ཞིག་ཀྱང་ཡིན།

    《འཁྲུངས་དཔེ་》ལས། གཡེར་མ་ཞེས་བྱ་ཤིང་གི་རིགས། །ཤིང་ནག་གདུག་རྩུབ་ལོ་མ་ཅན། །མེ་ཏོག་སེར་ཆུང་འབྲས་བུ་ནི། །རོ་དང་ལྡན་ཚ་རབ་ཏུ་རྩུབ། །ཅེས་པ་དང་། 《ཤེལ་ཕྲེང་》ལས། འབྲས་བུ་ཕྱི་དབྱིབས་འུ་སུ་འདྲ་བ་དམར་ལ་རྩུབ་པ་ཁ་གདངས་པའི་ནང་དུ་འབྲུ་ཚིགས་སྲ་འཁྲེགས་ནག་པོ་སོལ་བ་ལྟ་བུ་ཡོད་པ་ཁ་ཚ་བ་དེའོ། །

    ཀྲུང་ལུགས་གསོ་རིག་གི་གཞུང་དུ་གཡེར་མའི་ཕན་ནུས་གསལ་བོར་བཀོད་ཡོད་ལ། སྨན་སྤྱོད་གཡེར་མ་ནི་ངེས་པར་དུཀྲུང་གོའི་སྨན་ཡིགགི་ཚད་གཞི་དང་མཐུན་པའི་སྒོ་ནས་བཀོལ་སྤྱོད་བྱ་དགོས་པས། ཟས་སྤྱོད་གཡེར་མ་དེ་སྨན་དུ་སྤྱོད་མི་རུང་ངོ་། །

    གཡེར་མར་ན་ཟུག་གཅོག་པ་དང་ནད་འབུ་གསོད་པ། ཟ་འཕྲུག་འགོག་པ་བཅས་ཀྱི་ཕན་ནུས་ལྡན་པས། ཁོང་དུ་བསྟེན་ན་ཕོ་བ་འཁྱག་གཟེར་ལངས་པ་དང་སྐྱུག་འཁྲུ་འབྱུང་བ། ཕོ་བ་གཟེར་བ། རྒྱུ་སྲིན་ནད་སོགས་གསོ་བར་ཕན་པ་དང་། ཕྱི་རུ་བསྟེན་ན་རློན་འབྲུམ་གྱིས་ཟ་འཕྲུག་ལངས་པ་འགོག་ཐུབ།

    ན་ཟུག་གཅོག་པ།

    གཡེར་མ་ནི་ཚ་བའི་རིགས་ཡིན་པས། ཚ་བས་གྲང་བ་སེལ་བར་བྱས་ཏེ་ན་ཟུག་གཅོག་པའི་ཐད་ཕན་པ་ཆེན་པོ་ལྡན། བུད་མེད་ལ་ཟླ་མཚན་འབབ་སྐབས་ཟུག་གཟེར་ལངས་པ་ལ་རྒྱུ་རྐྱེན་མང་བོ་ཡོད་མོད། འོན་ཀྱང་འཁྱགས་པའི་དབང་གིས་ཟླ་མཚན་འབབ་སྐབས་ན་ཟུག་ལངས་པ་ཡིན་ན་གཡེར་མ་འཐུང་བས་གསོ་བཅོས་བྱེད་ཐུབ། ཡིན་ནའང་སོ་ན་བའི་སྐབས་སུ་གཡེར་མ་སྤྱད་ན་ཚ་བེར་གྱིས་ན་ཟུག་བཀབ་པ་ཙམ་ལས་གསོ་བཅོས་ཀྱི་ཕན་ནུས་ཐོན་མི་ཐུབ།

    གཉན་ཚད་འཇོམས་པ།

    གཡེར་མར་གཉན་ཚད་འཇོམས་པའི་ནུས་པ་ཡོད། པུས་ཚིགས་འདྲེད་སྐྱིའི་གཉན་ཚད་ནི་པུས་ཚིགས་ལ་རྨས་སྐྱོན་ཕོག་པ་ལས་བསླངས་པའི་སྲིན་མེད་རང་བཞིན་གྱི་གཉན་ཚད་ཅིག་ཡིན། འདྲེད་སྐྱིའི་བྱེད་ནུས་ཉམས་ན་ཚིགས་ཆུ་འབྱུང་བ་དང་བསྡུ་ལེན་བྱེད་པར་གནོད་པ་ཐེབས་ཏེ། པུས་ཚིགས་ཀྱི་ནང་དུ་ཆུ་སེར་གསོག་སྲིད། དེའི་རྐྱེན་གྱིས་གལ་ཏེ་གཡེར་མ་སྣ་རྐྱང་གིས་སྤྱད་ན་མི་ཕན་པས། སྨན་སྣ་གཞན་པ་དང་བསྡེབས་ནས་བསྟེན་དགོས།


    ནད་འབུ་གསོད་པ།

    སྦྱོར་བ་སྨན་གྱི་གཞུང་ལྟར་ན། གཡེར་མའི་སྣུམ་ལ་ནད་འབུ་གསོད་པའི་ནུས་པ་ལྡན་པས། ཕྱི་རུ་བསྟེན་ན་རློན་འབྲུམ་ཟ་འཕྲུག་འགོག་ཐུབ། དེ་ནི་སྣ་རྐྱང་གིས་བསྟེན་ཆོག་ལ་སྨན་རྫས་གཞན་པ་སྟེ། དཔེར་ན། མཁན་ནག་དང་སྦྲུལ་ཞགས། ཤུག་སེར་སོགས་དང་མཉམ་ཏུ་གདུས་ནས་ཟ་འཕྲུག་ལངས་སའི་གནས་དེ་བཀྲུས་ཆོག རྐང་འཐིལ་དུ་རློན་འབྲུམ་ཡོད་ནའང་དེ་ལྟར་རོ།

    གཡེར་མས་རྐང་པ་སྦང་བ་ནི་རྐང་འཐིལ་གྱི་པགས་ནད་གསོ་བའི་ཆེད་ཡིན་པ་དང་། རྐང་པ་སྦང་སྐབས་གཤམ་གྱི་གནས་ཚུལ་འདི་དག་ལ་མཉམ་དགོས་པ་སྟེ། 1.རྐང་བའི་སྟེང་དུ་པགས་འབྲུམ་དང་རྨ་ཁ་སོགས་ཡོད་ན་རེད་སླ་བས་སྦངས་མི་རུང་། 2.གཅིན་སྙི་ཟ་ཁུའི་ནད་པ་དང་འགུལ་སྐྱོད་སྟབས་མི་བདེ་བ། དྲན་པ་མི་གསལ་བ་སོགས་ཀྱིས་ཆུའི་དྲོ་ཚད་ལ་མཉམ་འཇོག་བྱས་ཏེ་འཚིག་རྨས་མི་འབྱུང་བ་བྱེད་དགོས། 3.སྦངས་བའི་སྐབས་སུ་ནད་པས་ཆུ་ཁ་གསབ་བྱེད་པར་མཉམ་འཇོག་དགོས་པ་དང་། ལྟོགས་དྲགས་པའམ་ཡང་ན་རྒྱགས་དྲགས་པའི་སྐབས་སུ་སྦངས་མི་རུང་། 4.ཚ་བ་རྒྱས་པའི་སྐབས་སུ་སྦངས་མི་རུང་བ་བཅས་སོ། །

    གྲང་བ་སེལ་བ།

    གཡེར་མ་དང་སྒ་རློན། སུག་སྨེལ་དམར་པོ་སོགས་མཉམ་དུ་སྤྱད་ན་ཕྱི་གྲང་ནང་གནོད་ལས་བྱུང་བའི་གསུས་གཟེར་དང་སྐྱུག་འཁྲུ་འབྱུང་བ་འགོག་ཐུབ་པ་དང་། གཡེར་མ་དང་སྒ་སྐྱ། དཀར་པོ་ཆིག་ཐུབ་སོགས་མཉམ་དུ་སྤྱད་ན་ཕོ་མཚེར་གྲང་འཁྱགས་ལས་བྱུང་བའི་ཕོ་གཟེར་དང་ཡི་ག་མེད་པ་སོགས་གསོ་ཐུབ། གཡེར་མ་ད་རུང་བྱེ་འབྲས་དང་སུག་སྨེལ་སོགས་དང་མཉམ་དུ་སྤྱད་ན་མཚེར་པ་གྲང་རློན་ལས་བྱུང་བའི་གསུས་གཟེར་དང་སྐྱུག་འཁྲུ་གསོ་ཐུབ།

    ཡིན་ནའང་མི་མང་ཤས་ཀྱིས་ནད་ཀྱི་འབྱུང་རྐྱེན་མི་ཤེས་པའི་དབང་གིས་སྨན་གདམ་ཀ་བྱེད་དཀའ་བ་རེད། དེ་བས་གོང་གི་ནད་རྟགས་དེ་དག་འབྱུང་སྐབས་དུས་ལྟར་སྨན་ཁང་དུ་སོང་ནས་སྨན་པར་བསྟེན་ན་ལེགས།

     གཡེར་མ་ནི་ཚ་བའི་རིགས་ཀྱི་ཀྲུང་སྨན་ཞིག་ཡིན་ལ། མི་སུ་དང་གང་ལའང་འཕྲོད་པའི་ངེས་པ་མེད་པར། ཚ་བ་རྒྱས་པའི་མི་དང་བཤང་འགག་པ་སོགས་ཀྱི་ནད་པས་སྤྱོད་མི་རུང་ལ། སྦྲུམ་མས་སེམས་ཆུང་བྱས་ཏེ་སྤྱོད་དགོས། ཟས་སྨན་གཉིས་སུ་རུང་བའི་ཀྲུང་སྨན་གྱི་རིགས་ནི་ཅུང་བདེ་འཇགས་ཡིན་མོད། འོན་ཀྱང་སྨན་པའི་མཛུབ་སྟོན་འོག་ལུགས་མཐུན་གྱིས་སྤྱད་དེ། སྨན་གྱི་བདེ་འཇགས་དང་ཕན་ནུས་ཁག་ཐེག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ། །