རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
▲གཡག་རྭ་གྲོང་སྡེའི་རང་བྱུང་གི་ཕྱིའི་བཀོད་པ།
གཡག་རྭ་ཞེས་པ་ནི་འབྲོང་གཡག་དར་མའི་རྭ་ཅོའི་དབྱིབས་སུ་ཡོད་པའི་རི་སྟེང་དུ་ཆགས་ཡོད་པས་ན་གཡག་རྭ་ཞེས་པའི་ས་མིང་བཏགས་ལ། འདི་ཡང་ཡུན་ནན་ཞིང་ཆེན་གྱི་དགོན་སྡེ་ཆེས་མང་སའི་ཤང་ཡིན་པ་རེད།
གཡག་རྭ་ཤང་ནི་བདེ་ཆེན་ཁུལ་འཇོལ་རྫོང་གི་བྱང་ཤར་ཕྱོགས་སུ་ཡོད་ལ།འབུམ་སྟེང་དགོན་དང་བཀྲ་ཤིས་རྣམ་རྒྱལ་གླིང་། བཀྲ་ཤིས་ཆོས་གླིང་། བྲག་འོག་དགོན། ཚེམས་རྨི་གླིང་། རྒྱལ་སྟེང་དགོན། ལོ་བེ་སྟེང་དགོན་པ་བཅས་དགོན་པ་བདུན་དེར་ཆགས་ཡོད། འབྲི་ཆུས་འཕྲད་ཀྱིས་བཅད་པའི་ཤར་ཕྱོགས་ནི་སི་ཁྲོན་དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་དང་བྱང་ཤར་ནི་འབའ་ཐང་རྫོང་། ལྷོ་བྱང་ནི་བོད་ལྗོངས་སྨར་ཁམས་རྫོང་བཅས་ཀྱི་ས་མཚམས་དང་འབྲེལ་ཡོད་པ་རེད། སེམས་ཀྱི་ཉི་ཟླ་ནས་གཡག་རྭ་ཤང་བར་ཕལ་ཆེར་སྤྱི་ལེ་150ཡི་ལམ་ཡོད་ལ། བོད་མི་གཙོ་བོ་འདུས་སྡོད་བྱེད་པའི་ཤང་འདིར་སྡོད་ཁུལ་1་དང་སྲིད་འཛིན་སྡེ་བ་3་ཡོད་དེ་རྒྱུན་སྡོད་མི་གྲངས་6000ལྷག་ཡོད། བདེ་ཆེན་ན་འདི་ལྟ་བུའི་སྐྱ་མི་གྲོང་ལ་འགྲོ་ན་མཁའ་ལ་བལྟ་དགོས་ས་དང་རྒོད་པོ་བྲག་ལ་འབབ་ན་མར་བལྟ་དགོས་ས་ཞེས་པའི་བཤད་སྲོལ་ཞིག་ཡོད་དེ། སྐད་ཆ་ཚིག་འདི་གཉིས་ལས་བདེ་ཆེན་གཡག་རྭ་ལུང་བའི་རི་མཐོ་བྲག་གཟར་གྱི་རྣམ་པ་གསལ་བར་མཚོན་ཡོད་པ་རེད། འདི་ལྟ་བུའི་རང་བྱུང་གི་དམིགས་བསལ་གྱི་བཀོད་པའི་དབང་གིས་གཡག་རྭ་ཤང་འདི་ཡུན་ནན་ཞིང་ཆེན་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་ཆེས་འགོར་བའི་ཤང་དུ་གྱུར། འོན་ཀྱང་དུས་ད་ལྟ་གཡག་རྭ་ཤང་དུ་གཞུང་ལམ་ཤར་གཏོང་ཐུབ་ཡོད་པ་བཤད་མ་དགོས་པར་གྲོང་ཚོ་སོ་སོར་དང་དུད་ཁྱིམ་སོ་སོར་རླངས་འཁོར་ཤར་ཐུབ་ཡོད་པ་རེད། འགྲིམ་འགྲུལ་ཤར་གཏོང་ཐུབ་པས་ས་གནས་མང་ཚོགས་ཀྱི་འགྲོ་འདུག་ལ་སྟབས་བདེ་བཟོས་ཡོད་པའི་དུས་མཚུངས་སུ་དགོན་སྡེའི་གྲྭ་བ་ཚོའི་འཚོ་བར་ཡང་སྟབས་བདེ་ཆེན་པོ་བཟོས་ཡོད་པ་ཡང་བཤད་མ་དགོས་པ་རེད།
རྒྱལ་གཅེས་ཆོས་གཅེས་དང་སྐྱེ་ཁམས་ཀྱི་འབུམ་སྟེང་དགོན།
▲འབུམ་སྟེང་དགོན་གྱི་ངོ་མཚར་ཕྱིའི་བཀོད་པ།
ང་ཚོ་བཅར་འདྲིའི་ཚོ་ཆུང་སེམས་ཀྱི་ཉི་ཟླ་ནས་རླངས་འཁོར་ལ་བསྡད་དེ་བྱང་ཕྱོགས་སུ་སྤྱི་ལེ་100་ལྷག་སྐྱོད་པ་ན་ད་གཟོད་རི་སྐེད་དུ་ཆགས་པའི་འབུམ་སྟེང་དགོན་པར་སླེབས་ཤིང་། དགོན་པར་ཐོན་མ་ཐག་དབང་མེད་ཕྱིར་ལྟ་ཞིག་བྱེད་དགོས་པ་ནི་ཀྱག་ཀྱོག་གི་རི་ལམ་རིང་མོ་འདི་ཡིན་ལ། དབང་མེད་ཕྱིར་འདང་ཤིག་རྒྱག་དགོས་པ་ཡང་རི་ལམ་ཀྱག་ཀྱོག་འདི་ཡིན་པ་རེད། སྐབས་དེར་སེམས་སུ་འཁོར་ཡོང་བ་ནི་གཙོ་བོ་དེང་ཐོག་གཞུང་ལམ་འདི་ལས་སྐབས་ཀྱི་དཀའ་ཁག་དང་འགྲོ་སོང་ལས་མེད། འདིས་ཀྱང་རྒྱལ་ཁབ་ཀྱི་མང་ཚོགས་དག་ཕྱུག་བསྒྱུར་དང་ཞིང་གྲོང་འཛུགས་སྐྲུན་གྱི་ཆོད་སེམས་མཚོན་པ་རེད།
འབུམ་སྟེང་དགོན་གྱི་མིང་གཞན་ལ་བཀྲ་ཤིས་ཐེག་ཆེན་གླིང་ཞེས་འབོད། དགོན་པ་འདི་སྔོན་ལ་བཀའ་རྒྱུད་པའི་དགོན་པ་ཞིག་ཡིན་ལ། རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐབས་སུ་དགེ་ལུགས་པའི་དགོན་པར་བསྒྱུར་བར་བཤད། 1989ལོར་དགོན་པ་གསར་འཛུགས་བྱས་ཤིང་དུས་ད་ལྟ་དགོན་པར་གྲྭ་བ་31དང་སྤྲུལ་སྐུ་གཅིག་ཏེ་བསྡོམས་པས་32ཡོད་པ་རེད། འཛུགས་སྐྲུན་གྱི་ཆ་ནས་དུས་ད་ལྟ་འདུ་ཁང་ཆེན་པོ་1་དང་གྲྭ་ཤག་གི་ཐོག་ཁང་1 གྲོས་ཚོགས་ཁང་གཙོ་བྱས་པའི་ལས་དོན་ཐོག་ཁང་1་སོགས་ཡོད། དགོན་པའི་ར་སྐོར་དུ་སླེབས་མ་ཐག་མིག་ལམ་དུ་མངོན་ཡོང་བ་ནི་བརྗིད་ཅིང་མཐོ་བའི་འདུ་ཁང་དང་གྲལ་འགྲིག་པའི་གྲྭ་ཤག དེ་མིན་སྔོ་ལྗང་གི་ཤིང་སྡོང་སྣ་ཚོགས་ཡིན་ལ། དགོན་པའི་རྒྱབ་རི་ནི་ཤེལ་དཀར་གངས་རི་དང་མདུན་རི་ནི་ཚང་ཚིང་ནགས་ཚལ་ཡིན་ཏེ་རང་བྱུང་གི་མཛེས་སྡུག་བཀོད་པས་བརྒྱན་པའི་གནས་མཆོག་ཅིག་ཡིན་པ་རེད། དགོན་པར་ཐོན་རྗེས་ང་ཚོས་ར་སྐོར་ནང་གི་སྡོང་བོའི་གྲིབ་བསིལ་འོག་ནས་གྲྭ་བ་ཚོ་དང་ལབ་མོ་ཕྲན་ཙན་བྱས་རྗེས་ང་ཚོའི་བཅར་འདྲི་དངོས་སུ་འགོ་བརྩམས་པ་ཡིན།
▲རུ་ཧུག་•ཚེ་རིང་དོན་གྲུབ་ཀྱིས་ཞིང་ཆེན་གྱིས་གནང་བའི་མཚོན་དར་ངོ་སྤྲོད་བྱེད་བཞིན་པ།
རུ་ཧུག་•ཚེ་རིང་དོན་གྲུབ་ནི་རི་ཧུག་སྐུ་ཕྲེང་བཅུ་བཞི་བ་ཡིན་ལ་ཁོས་དགོན་པ་འདིའི་ཀྲུའུ་རེན་གྱི་འགན་ཡང་བཞེས་ཡོད་པ་རེད། ང་ཚོ་མཉམ་དུ་དགོན་པའི་ཚོགས་འདུ་ཁང་དུ་སོང་ནས་ལོ་འདི་དག་རིང་གི་དགོན་པའི་གནས་ཚུལ་རགས་བསྡུས་ཤིག་རྒྱུས་ལོན་བྱས་པ་ཡིན། ཚོགས་འདུ་ཁང་དུ་འཛུལ་མ་ཐག་ཐོག་དང་པོར་མཐོང་ཐུབ་པ་ནི་ཁང་བའི་ཕུག་གི་གྱང་ངོས་ན་བཀལ་ཡོད་པའི་རྒྱལ་ཁབ་ཀྱི་རླབས་ཆེན་འགོ་ཁྲིད་དག་གི་སྐུ་པར་དང་། སྟར་གྱིས་སྒྲིག་ཡོད་པའི་མདུན་ཅོག་སྟེང་གི་རྒྱལ་དར་ཡིན་ཏེ། ཅུང་གཟབ་ནན་དང་སློབ་སྦྱོང་གི་སྣང་བ་ཤིག་གིས་ཁེངས་འདུག ཁང་བའི་ཕུག་གི་གཡས་ཕྱོགས་སུ་མེ་ཏོག་སྣ་ཚོགས་གསོས་ཡོད་པའི་ཡར་ཕྱོགས་ན་ཆོས་ལུགས་དད་མོས་རང་དབང་ལ་བརྩི་བཀུར། སྤུན་ཟླའི་མི་རིགས་ཡར་རྒྱས་གོང་འཕེལ། ཞེས་པའི་1951ལོར་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གནང་བའི་མཚོན་དར་ཤིག་གྱང་ངོས་སུ་བཀལ་ཡོད་ལ། རུ་ཧུག་སྤྲུལ་སྐུས་ང་ཚོར་གསལ་བོར་ཐེངས་ཤིག་བཀླགས་རྗེས་འདི་ནི་ཡུན་ནན་ཞིང་ཆེན་སྲིད་གཞུང་གིས་ང་ཚོར་གནང་བའི་དམིགས་བསལ་གྱི་མཚོན་རྟགས་ཤིག་ཡིན་ཞེས་གསུང་།
དགོན་པས་ཏང་གི་ཆོས་ལུགས་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་བཞིན་པའི་དུས་མཚུངས་སུ་སྤྱི་ཚོགས་ཀུན་ཕན་གྱི་དགེ་ལས་བྱ་འགུལ་ཡང་སྤེལ་མྱོང་སྟེ། 2020ལོའི་ཟླ་བ་2པའི་ཚེས་22ཉིན་རྒྱལ་ཁབ་ཀྱི་ཏོག་གསར་གློ་ཚད་ཀྱི་རིམས་འགོག་ཐད་བདེ་ཆེན་རྒྱ་གྲམ་དམར་པོར་དགེ་སྒྲུབ་རོགས་དངུལ་32222.22སྟེར་ནས། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཡོངས་དང་མཉམ་དུ་རིམས་འགོག་དམག་འཐབ་ལས་མྱུར་དུ་རྒྱལ་བའི་སྨོན་འདུན་དང་སེམས་ཤུགས་མཚོན་པར་བྱས་པ་རེད།
▲ འབུམ་སྟེང་དགོན་པའི་གྲྭ་བས་སྡོང་བོའི་གྲིབ་བསིལ་འོག་ཏུ་ལབ་གླེང་བྱེད་བཞིན་པ།
འབུམ་སྟེང་དགོན་ནི་འདི་ལྟ་བུའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལམ་ཕྱོགས་རྒྱུན་འཁྱོངས་མཐའ་འཁྱོལ་ཡོད་པའི་དགོན་སྡེ་ཞིག་ཡིན་པ་མ་ཟད། འདི་ཡང་སྐྱེ་ཁམས་ཀྱི་དགོན་སྡེ་ཤིག་ཡིན་པ་རེད། རྒྱལ་ཁབ་ཀྱིས་སྔོ་ལྗང་དང་དག་གཙང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ཞེས་པའི་སྤྱིའི་ལམ་ཕྱོགས་གཏན་ཁེལ་བྱས་རྗེས་དགོན་པས་ལོ་འདི་དག་རིང་སྐྱེ་ཁམས་སྲུང་སྐྱོབ་ལ་ཧུར་བརྩོན་ལྷོད་མེད་བྱས་ཤིང་ཕན་འབྲས་ཡང་མངོན་གསལ་ཐོབ་པ་རེད། ལོ་རེར་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་མ་ཟད། དགོན་པར་ད་དུང་སིལ་ར་ཡོད་ལ་སིལ་སྡོང་30་ལྷག་ཡོད་པར་བཤད། ལོ་རེར་སིལ་ཏོག་སྨིན་རྗེས་ཐོགས་ནས་འབུལ་སྟེང་དགོན་པའི་ཐོན་རྫས་ཤིག་ཀྱང་བཟོས་ཡོད་པ་མཐོང་། འདི་ཡང་གསེར་རི་དངུལ་རི་ལས་ཐོབ་པའི་ཕན་འབྲས་ཤིག་ཡིན་པ་བཤད་མ་དགོས། དུས་རྒྱུན་གོ་སྐབས་རེ་ཡོད་དུས་དགོན་པའི་སྤྲུལ་སྐུ་དང་གྲྭ་བ་དག་གིས་དད་ལྡན་མང་ཚོགས་དང་མཐའ་འཁོར་གྱི་སྡེ་མིར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དགེ་ལས་སྒྲུབ་དགོས་པའི་སློབ་གསོ་ཡང་གཏོང་བཞིན་ཡོད་པ་རེད། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་དྲག་ཏུ་ཕྱིན་པ་དང་བསྟུན་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་བཟང་བོ་བྱུང་ལ་སྐྱེ་ཁམས་ཀྱང་དོ་མཉམ་བྱུང་། རུ་ཧུག་སྤྲུལ་སྐུས་ང་ཚོ་འབུམ་སྟེང་དགོན་པའི་མཐའ་འཁོར་དུ་རི་མགོ་ན་རི་སྐྱེས་སྲོག་ཆགས་མང་བོ་ཡོད་དེ། དུས་རྒྱུན་བྱ་དཀར་དང་རི་དེ། ཟེར་ར་སོགས་མཐོང་ཐུབ་ལ། ཁྱེད་རང་ཚོ་མ་ཡོང་བའི་སྔོན་དག་དག་ལ་ཟེར་ར་ཁྱུ་ཞིག་དགོན་པའི་མཐའ་སྐོར་ནས་ཡར་རི་འགོར་འགོས་སོང་ཞེས་བཤད། སྣ་ཚུལ་འདི་འདྲ་ཞིག་ལས་ང་ཚོས་འབུམ་སྟེང་དགོན་པའི་སྐྱེ་ཁམས་སྲུང་སྐྱོབ་བཟང་བའི་ཕན་འབྲས་ཚོར་ཐུབ་ལ། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ཀྱི་འབྲེལ་བ་བཟང་བོ་ཡང་མཚོན་ཐུབ་པ་རེད།
གཡག་རྭའི་སྙིང་སྟོབས་མཚོན་པའི་བཀྲ་ཤིས་རྣམ་རྒྱལ་གླིང་།
ཉིན་གཉིས་པར་ང་ཚོ་གཡག་རྭ་ཤང་ཐོག་ནས་ཆེས་ཐག་རིང་བའི་གཡག་རྭའི་དགོན་པ་ཞིག་སྟེ་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཕྱོགས་སུ་སོང་ལ། སྔ་དྲོའི་དུས་ཚོད་9་ཡས་མས་ནས་ལམ་ལ་ཆས་པ་ཡིན་མོད་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་ད་གཟོད་དགོན་པར་སླེབས། ཤང་ཐོག་ནས་དགོན་པའི་བར་ལ་སྤྱི་ལེ་150ལྷག་ཡོད་མོད། འོན་ཀྱང་རི་གཟར་ཤིང་ལ་མཐོ་བས་ཆུ་ཚོད་ལྔ་ལྷག་གི་ལམ་ཐག་བརྒྱུད་དགོས་བྱུང་།
▲བཀྲ་ཤིས་རྣམ་རྒྱལ་གླིང་།
དགོན་པ་འདི་བོད་ལྗོངས་དང་སི་ཁྲོན། ཡུན་ནན་ཏེ་ཞིང་ཆེན་གསུམ་གྱི་ས་མཚམས་སུ་ཡོད། 1919ལོ་ནས་རྒྱུན་མཐུད་ལོ་7ལ་གཡག་རྭ་དགོན་བདུན་མཉམ་དུ་ཡོད་ལ། 1989ལོར་དགོན་པ་སླར་ཡང་གསར་འཛུགས་བྱས་ཤིང་། འདུ་ཁང་ཆེན་པོ་གཅིག་དང་གྲྭ་ཤག་འགའ་གསར་བཞེངས་བྱས། 2013ལོར་བདེ་ཆེན་ཁུལ་ནང་ལ་ས་འགུལ་བྱུང་བས་དགོན་པའི་འཛུགས་སྐྲུན་ལ་གནོད་པ་ཆེན་པོ་ཐེབས་ལ། དེའི་སྟེང་ས་བབ་མཐོ་ལ་འཐུང་ཆུ་མེད་པའི་དཀའ་ཁག་ལ་འཕྲད་པས། གོང་རིམ་ལ་དགོན་པ་གནས་སྤོ་བྱེད་པའི་རེ་ཞུ་བྱས་ཤིང་། ཆོག་མཆན་ཐོབ་པ་བརྒྱུད་དུས་ད་ལྟའི་དགོན་ས་འདི་ནས་དགོན་པ་བསྐྱར་བཞེངས་བྱེད་འགོ་བརྩམས་ལ། 2017ལོར་དགོན་པ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་ལོ་དེར་དགོན་པ་གསར་བཞེངས་བྱེད་པའི་དགའ་སྟོན་མཛད་སྒོ་སྤེལ་བ་རེད། ད་ལྟ་དགོན་པའི་སྤྱིའི་རྒྱ་ཁྱོན་ལ་ཡང་སྨི་གྲུ་བཞི་མ་3993ཡོད་ལ། གྲྭ་བ་18ཡོད། འཛུགས་སྐྲུན་ལ་འདུ་ཁང་ཆེན་པོ་གཅིག་དང་གྲྭ་ཤག ཚོགས་འདུ་ཁང་། དཔེ་ཁང་སོགས་སྒྲིག་གཞི་ཆ་ཚང་ཡོད།
དགེན་ཉི་མ་ནི་བཀྲ་ཤིས་རྣམ་རྒྱལ་གླིང་གི་གྲྭ་བ་ཞིག་ཡིན་ལ་ད་ལོ་ལོ70་ཡིན། ཁོང་དགོན་པའི་ནང་གི་ལོ་ཆེས་ཆེ་བའི་གྲྭ་བ་ཡང་ཡིན་པ་རེད། དགེན་ཉི་མ་ལགས་ཀྱིས་དགོན་པར་རླངས་འཁོར་གྱི་ལམ་འདི་འདྲ་ཞིག་ཤར་གཏོང་ཐུབ་པ་ནི་སྔོན་ཡིད་ལ་ཡང་དྲན་མ་མྱོང་ལ། ཆུ་དང་གློག འདུག་ས་སོགས་མཐུན་རྐྱེན་བཟང་བོ་བྱུང་བས་སྔོན་དང་བསྡུར་ན་ང་ཚོའི་འཚོ་བར་གནམ་ས་བླ་འོག་གི་འགྱུར་ལྡོག་ཆེན་པོ་བྱུང་སོང་། འདི་དག་ནི་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པ་ནམ་ཡང་བརྗེད་ཐབས་མེད་ལ་ཚང་མས་གཅེས་སྤྲོས་བྱེད་དགོས་ཞེས་བཤད།
སྤྱིར་གཡག་རྭ་ཤང་ནི་བདེ་ཆེན་གྱི་ཤང་གཞན་དག་དང་བསྡུར་ན་ཐག་རིང་ལ། རང་བྱུང་གི་ཐོན་ཁུངས་དཀོན་དེ། ཆ་རྐྱེན་ཞན་པ་དང་ཅུང་རྗེས་ལུས་ཀྱི་སྣང་བ་ཞིག་ཡོད་ན་ཚང་མས་གུ་ཡངས་དང་རྒྱུས་ལོན་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་བཀྲ་ཤིས་རྣམ་རྒྱལ་གླིང་ལྟ་བུར་མཚོན་ན་དགོན་པའི་ཆ་རྐྱེད་དང་སྤྱིའི་སྒྲིག་ཆས་སོགས་ཕྱོགས་གང་ཐད་ནས་ས་ཕྱོགས་གཞན་པ་དང་དགོན་པ་གཞན་པར་དབྱེ་བ་མེད་དེ། འདི་ཡང་རྒྱལ་ཁབ་དང་སྲིད་གཞུང་གི་བླ་མེད་ཐུགས་ཁུར་དང་རོགས་སྐྱོར་འོག་རོལ་ཐུབ་པའི་འཚོ་བ་ཞིག་ཡིན་ལ། ས་གནས་མང་ཚོགས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་སྙིང་སྟོབས་ལ་ཡང་འབྲེལ་བ་ཡོད་དེ། གཡག་རྭའི་སྙིང་སྟོབས་མཚོན་པའི་དགོན་སྡེ་ཞིན་ཡིན་ཞེས་བཤད་ཆོག་པར་འདོད།
▲བཀྲ་ཤིས་རྣམ་རྒྱལ་གླིང་དུ་གྲྭ་བ་དང་གྲོང་མིས་སྒྲོལ་མ་འདོན་བཞིན་པ།
དྲིན་བཟོ་སེམས་ན་ཡོད་པའི་བཀྲ་ཤིས་ཆོས་གླིང་།
ང་ཚོའི་བཅར་འདྲིའི་ཚོ་ཆུང་བཀྲ་ཤིས་རྣམ་རྒྱལ་གླིང་ནས་ཕྱིར་གཡག་རྭ་གྲོང་མི་ཚོ་ཆུང་དུ་སླེབས་དུས་ཕྱི་འདྲོའི་དུས་ཚོད་ལྔ་ལྷག་ལ་སླེབས་ཡོད་ལ། ཕྱིར་སླེབས་མ་ཐག་མུ་མཐུད་དུ་གནས་འདིར་ཡོད་པའི་བཀྲ་ཤིས་ཆོས་གླིང་ལ་བཅར་འདྲི་བྱས་པ་ཡིན། བཀྲ་ཤིས་ཆོས་གླིང་གི་མིང་ཆ་ཚང་ལ་བཀྲ་ཤིས་ཆོས་འཕེལ་གླིང་ཞེས་འབོད་ལ། དགོན་པ་འདི་གཡག་རྭ་གྲོང་མི་ཚོ་ཆུང་གི་ལྟག་རྒྱབ་ཀྱི་རི་དངོས་སུ་ཆགས་འདུག དགོན་པར་ད་ལྟ་གྲྭ་བ་3་མ་གཏོགས་མེད་ལ། འཛུགས་སྐྲུན་གྱི་ཆ་ནས་འདུ་ཁང་གཅིག་དང་གྲྭ་ཤག་གི་ཁང་བ་གཉིས་ཐོག་གཅིག དཔེ་མཛོད་ཁང་དང་ཚོགས་འདུ་ཁང་གི་ཁང་བ་གཉིས་ཐོག་གཅིག་བཅས་ཡོད་པ་རེད། དགོན་པ་འདི་གནའ་སྔ་མོ་བོད་ལྗོངས་ཀྱི་དགོན་ཆེན་གསུམ་དང་ཆོས་འབྲེལ་ཟབ་མོ་ཡོད་པ་ཞིག་ཡིན་ལ། དགེ་བཤེས་རྒྱལ་མཚན་བཀྲ་ཤིས་ནས་བཟུང་གཡག་རྭ་ཚེམས་རྨི་གླིང་དགོན་པའི་དགོན་ལག་ཏུ་གྱུར་བ་རེད། དེ་རྗེས་སྐྱེས་ཆེན་དམ་པ་འགས་གཡག་རྭ་དགོན་བདུན་གཅིག་གྱུར་གྱི་དགོན་པ་ཞིག་བྱེད་པར་གྲོས་བྱས་ཤིང་། གྲོས་འཆམ་བྱུང་ནས་ལོ་བདུན་ལ་གཅིག་གྱུར་བྱས་རྗེས་གནས་སྐབས་དེའི་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་རྒྱུ་རྐྱེན་སྣ་ཚོགས་ཤིག་གིས་མཐར་དགོན་པ་ཁ་ཐོར་དུ་སོང་ནས་སྔར་གྱི་དགོན་པ་སོ་སོར་གྱེས་པ་རེད། 1983ལོར་དགོན་པ་བསྐྱར་བཞེངས་བྱེད་པའི་གྲོས་བྱས་ཤིང་། 1985ལོར་ལས་འགོ་བརྩམས་ལ། 1989ལོར་དགོན་པ་ཡོངས་སུ་ལེགས་འགྲུབ་བྱུང་བ་རེད། 2013ལོར་དགོན་པར་ས་འགུལ་གྱི་གནོད་པ་ཚབས་ཆེན་ཐེབས་པས་རྒྱལ་ཁབ་དང་སྲིད་གཞུང་གི་རོགས་སྐྱོར་འོག་སླར་ཡང་བསྐྱར་བཞེངས་བྱས་པས་དུས་ད་ལྟའི་བརྗིད་ཆགས་ཀྱི་རྣམ་པ་འདི་གྲུབ་པ་རེད།
▲བཀྲ་ཤིས་ཆོས་གླིང་།
དགོན་པའི་ཀྲུའུ་རེན་བློ་བཟང་རྡོ་རྗེས་ནི་བཀྲ་ཤིས་ཆོས་གླིང་གི་གྲྭ་བ་ཞིག་ཡིན་ལ། ད་ལྟ་གྲྭ་བ་བྱས་ནས་ལོ་ཉི་ཤུ་ལྷག་འགོར་ཡོད་པར་བཤད། ཁོང་གིས་ང་ཚོའི་དགོན་པ་སྔ་ཕྱིར་གནས་སྤོ་ཐེངས་བདུན་བྱས་ཤིང་། དུས་ད་ལྟ་རྒྱལ་ཁབ་ཀྱིས་དགོན་པ་བསྐྱར་བཞེངས་བྱས་པ་མ་ཟད། རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་བཟོས་པས་འགྲོ་འདུག་ལ་སྟབས་བདེ་དཔེ་མེད་བཟོས། གཞུང་ལམ་ཤར་གཏོང་མ་ཐུབ་པའི་སྔོན་ལ་གྲོང་པ་འགའ་རེའི་གྲོང་མི་དགོན་པར་ཡོང་ན་ཆུ་ཚོད་གཅིག་གཉིས་ལ་རྐང་ཐང་ལ་ཡོང་དགོས་པས་ཧ་ཅང་དཀའ་ཁག་ཡོད་ཅེས་བཤད།
དགོན་པ་འདིར་ད་དུང་ལྷ་སའི་ནོར་བུ་གླིང་ག་ནས་འཁྱེར་ཡོང་བའི་ཤུག་སྡོང་ཞིག་ཡོད་ལ། དགོན་པའི་གྲྭ་རྣམས་ཀྱིས་ཆུ་བཏང་ཞིང་ལུད་བཞག་ནས་བདག་སྐྱོང་བཟང་བོ་བྱས་མཐར་དུས་ད་ལྟ་སྡོང་བོ་ཆེན་པོ་ཞིག་ཏུ་ཆགས་འདུག འདི་ལས་དགོན་པས་སྐྱེ་ཁམས་སྲུང་སྐྱོབ་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་པ་ཤུགས་ཀྱིས་ཤེས་ཐུབ། དེ་མིན་2020ལོར་དགོན་པས་རྒྱལ་ཁབ་ཀྱི་གློ་ཚད་རིམས་འགོག་ལ་བདེ་ཆེན་ཁུལ་རྒྱ་གྲམ་དམར་པོར་སྒོར་6955ཕུལ་ནས་ནམ་ཡང་ཏང་དང་སྲིད་གཞུང་དང་མཉམ་ཡོད་པའི་མཛའ་བརྩེ་ཟབ་མོ་མཚོན་པར་བྱས།
འཆམ་མཐུན་བདེ་སྐྱིད་ཀྱི་ལོ་བེ་སྟེང་དགོན།
དགོན་པའི་མིང་ཆ་ཚང་ལ་ལོ་བེ་སྟེང་དགོན་པ་ལུང་རྟོགས་སྐྱེད་ཚལ་གླིང་ཞེས་འབོད། 1666ལོར་གསར་དུ་བཙུགས་པའི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་ལ། ད་ལྟའི་བར་ལོ་356གི་ལོ་རྒྱུས་ལྡན་པ་རེད། དགོན་པར་ད་ལྟ་ཐོ་འགོད་བྱས་ཡོད་པའི་གྲྭ་བ་7ཡོད་ལ། དགོན་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་5661དང་། འཛུགས་སྐྲུན་གྱི་ཕྱོགས་ནས་འདུ་ཁང་ཆེན་པོ་གཅིག་དང་གྲོས་ཚོགས་ཁང་། གྲྭ་ཤག་སོགས་ཡོད་པ་རེད། དགོན་པ་འདི་སྤྲུལ་སྐུ་བློ་བཟང་བརྩོན་འགྲུས་བྱམས་པ་རྒྱལ་མཚན་གྱི་དགོན་པ་ཡིན་པ་རེད། གནའ་སྔ་མོར་ལོ་བེ་སྟེང་དགོན་པ་འདི་ཆོས་ཆད་ཉན་དར་ཞིང་རྒྱས་པའི་དགོན་སྡེ་ཞིག་ཡིན་ཏེ། དགའ་ལྡན་ཁྲི་བ་དགུ་བཅུ་གོ་གཅིག་པ་ཁྲི་བློ་བཟང་འཕྲིན་ལས་ཀྱང་དགོན་པ་འདི་ནས་ཡིན་པ་རེད། དུས་དེ་རིང་དུང་དཀར་ཚིག་མཛོད་ཀྱི་ཤོག་གྲངས་389ཡི་སྟེང་ཁྲི་ཁོང་ཉིད་ཀྱི་ལོ་རྒྱུས་མཐོང་རྒྱུ་ཡོད་ལ། ཁྲི་བར་བཞུགས་པའི་དུས་ཚོད་ནི་1927ལོ་ནས་1932ལོར་བར་ཡིན་འདུག 1932ལོར་སྐུ་མྱ་ངན་ལས་འདས་པར་བཤད། འདི་ལྟ་བུའི་དགའ་ལྡན་ཁྲི་བ་ཞིག་འཁྲུངས་པ་ནི་ལོ་བེ་སྟེང་དགོན་པའི་ལོ་རྒྱུས་སྟེང་གི་ངོ་མཚར་སྤུར་རིས་ཤིག་ཡིན་པ་བཤད་མ་དགོས་ལ། འདི་དག་ལས་དགོན་པ་འདི་ཡང་སྔོན་ཆོས་ཀྱི་འཕྲིན་ལས་རྒྱས་པའི་དགོན་སྡེ་ཞིག་ཡིན་པ་གསལ་བོར་རྟོགས་ཐུབ།
▲ ལོ་བེ་སྟེང་དགོན་པ་ལུང་རྟོགས་སྐྱེད་ཚལ་གླིང་།
ལོ་བེ་སྟེང་དགོན་པའི་ཆུའི་ཕར་ཁ་སྡེ་རོང་གི་ས་ཡིན་པས་ཐག་ཤིན་ཏུ་ཉེ་ལ། དགེན་བློ་བཟང་དཔལ་འབྱོར་ནི་སི་ཁྲོན་དཀར་མཛེས་ཁུལ་སྡེ་རོང་རྫོང་གི་མི་ཡིན་པ་རེད། 1990ལོར་ལོ་བེ་སྟེང་དགོན་པས་དགེ་རྒན་དུ་གདན་འདྲེན་ཞུས་ཤིང་གནས་འདིར་ཡོང་ནས་དུས་ལྟ་བུའི་དཔེ་ཁྲིད་བྱས་པ་ཡིན་འདུག་ལ། དུས་དེ་རིང་མི་ལོ་སུམ་བཅུ་ལྷག་འགོར་ཡོད་པར་བཤད། ཁོང་གིས་ལོ་བེ་སྟེང་དགོན་པ་འདི་སྡེ་རོང་གི་ས་ཆ་དང་ཐག་ཤིན་ཏུ་ཉེ་བས་འགྲོ་འདུག་སྟབས་བདེ་ཡིན་པས་ཕྱོགས་གཉིས་ཀྱི་མང་ཚོགས་ལོ་བེ་སྟེང་དགོན་པར་མཆོད་མཇལ་དུ་ཡོང་བ་རེད་ཅེས་གསུངས། འདི་ལྟར་ལོ་བེ་སྟེང་དགོན་པ་ཕྱོགས་གཉིས་ཀྱི་མང་ཚོགས་འཆམ་མཐུན་མཉམ་གནས་དང་མཉམ་འདྲེས་སྤེལ་རེས་བྱེད་སའི་ས་གནས་གལ་ཆེན་ཞིག་ཏུ་གྱུར་འདུག
▲ལོ་བེ་སྟེང་དགོན་པའི་གྲྭ་ཤག་ནང་ལོག་གི་མཆོད་བཤམས།
ཟུར་བཀོད་ཀྱི་དགོན་པ་གསུམ།
གཡག་རྭའི་ཡུལ་འདིར་གོང་གི་དགོན་པ་འདི་དག་གིས་ཏང་གི་ཡང་དག་སྲིད་ཇུས་བཟང་བོའི་ཁྲོད་བདེ་སྐྱིད་ཀྱི་འཚོ་རོལ་བཞིན་ཡོད་པ་མ་ཟད། དེ་མིན་དགོན་པ་ཅུང་ཆུང་གྲས་བྲག་འོག་དགོན་པ་དང་ཚེམས་རྨི་གླིང་། རྒྱལ་སྟེང་དགོན་གསུམ་གྱིས་ཀྱང་ཏང་གི་སྲིད་ཇུས་བཟང་བོའི་དྲོད་འཇམ་ཉི་འོད་ཁྲོད་ཆོས་ལུགས་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཡང་དག་པའི་ལམ་ཕྱོགས་རྒྱུད་འཛིན་མཐའ་འཁྱོངས་བྱེད་བཞིན་ཡོད་པ་རེད།
▲བྲག་འོག་དགོན།
བྲག་འོག་དགོན་ནི་གཡག་རྭ་གྲོང་མི་ཚོ་ཆུང་ནས་ཕྱིར་ཤང་གི་ཕྱོགས་སུ་ཡོང་ན་སྤྱི་ལེ་3ཙམ་གྱི་མཚམས་ཀྱི་སྒང་ཁ་ཞིག་ན་ཡོད་ལ། དགོན་པའི་མིང་གཞན་ལ་བཀྲ་ཤིས་ཡེ་ཤེས་གླིང་ཞེས་འབོད། དགོན་པ་འདི་ཅུང་ཆུང་བས་ད་ལྟ་གྲྭ་བ་གཅིག་མ་གཏོགས་མེད་ལ། འོན་ཀྱང་དགོན་པའི་ཕྱི་ནས་བལྟས་ན་འདུ་ཁང་དང་གྲ་ཤག་སོགས་ཅུང་གསར་བ་ཡིན་ལ་བལྟས་ན་བཅའ་དག་པོ་ཞིག་འདུག
▲ཚེམས་རྨི་གླིང་།
ཚེམས་རྨི་གླིང་དགོན་ནི་གཡག་རྭ་ཤང་ཡོད་སའི་འཇའ་སྒང་དང་གཡག་རྭ་གྲོང་མི་ཚོ་ཆུང་གཉིས་ཡོད་པའི་ལམ་ཐིག་གི་དཀྱིལ་མཚམས་ཀྱི་དགོན་འོག་གྲོང་ཚོའི་རི་སྐེད་ཅིག་ཏུ་ཡོད་ལ། དགོན་པའི་མིང་ཆ་ཚང་ལ་དཔལ་ལྡན་ཚེམས་རྨི་གླིང་ཟེར། དགོན་པར་བསྡོམས་པས་གྲྭ་བ་11ཡོད་པ་རེད། དགོན་པ་འདི་ཡང་སྔོན་གྱི་གཡག་རྭ་བཀྲ་ཤིས་ཆོས་གླིང་དགོན་པའི་མ་དགོན་ཡིན་པའི་བཤད་སྲོལ་ཡོད།
▲རྒྱལ་སྟེང་དགོན།
རྒྱལ་སྟེང་དགོན་ནི་གཡག་རྭ་ཤང་འཇའ་སྒང་གྲོང་ཚོ་དང་བོད་ལྗོངས་སྨར་ཁམས་རྫོང་བྱིས་གྲོང་ཤང་གཉིས་ཀྱི་ས་མཚམས་སུ་ཡོད་ལ། དགོན་པའི་མིང་གཞན་ལ་ངག་དབང་ཕན་བདེ་གླིང་ཞེས་འབོད་། དགོན་པ་འདི་གཡག་རྭ་ཤང་སྲིད་གཞུང་ནས་སྤྱི་ལེ་16་ཡས་མས་ཀྱི་རི་ལམ་བརྒྱུད་ནས་རི་སྐད་ཅིག་ཏུ་སླེབས་པ་ན་ད་གཟོད་དགོན་པ་མཐོང་ཐུབ། དགོན་པ་ཆགས་ས་ནི་ཐང་བདེ་ལ་ཚང་ཚིང་ནགས་ཚལ་གྱི་སྐོར་བའི་གནས་མཆོག་ཅིག་ཡིན་ཏེ་རང་བྱུང་གི་བཀོད་པ་ཧ་ཅང་ཡག དགོན་པར་འདུ་ཁང་ཅུང་ཆེན་པོ་གཉིས་ཡོད་ལ། དེ་མིན་ཇ་ཁང་དང་གྲྭ་ཤག་སོགས་བཅའ་དག་པོ་ཡོད། དགོན་པར་བསྡོམས་པས་གྲྭ་བ་13ཡོད་ལ། དམིགས་བསལ་བ་ཞིག་ནི་དགོན་པ་འདི་བོད་ལྗོངས་སྨར་ཁམས་དང་འཇོལ་རྫོང་ཕྱོགས་གཉིས་ཀྱིས་མཉམ་དུ་དོ་དམ་བདག་གཉར་བྱེད་བཞིན་ཡོད་པར་བཤད། འདི་ལས་ཀྱང་ཕྱོགས་གཉིས་ཀྱི་མཐའ་མཚམས་མང་ཚོགས་དང་དགོན་སྡེ་བར་གྱི་འབྲེལ་བ་བཟང་བོ་ཤེས་ཐུབ་པ་རེད།