དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་གི་འཕེལ་འགྱུར་གསལ་བའི་དངོས་བྲིས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་ནི་བདེ་ཆེན་རྫོང་ནང་གི་དགེ་ལུགས་པའི་དགོན་སྡེ་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་བཀའ་དྲིན་དང་དགོན་པ་རང་ངོས་ནས་སྔར་གྱི་ཕྱག་སྲོལ་བཟང་བོ་རྒྱུན་འཛིན་དང་དར་སྤེལ་བཏང་བ་ལ་བརྟེན་ནས་དགོན་པའི་འཛུགས་སྐྲུན་དང་ཆོས་དང་རིག་གནས་སོགས་ཕྱོགས་གང་ཅིར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་གི་ཕྱིའི་བཀོད་པ།

    སྔ་ཕྱིའི་འཕེལ་རྒྱས་གནམ་ས་བརྗེས་པར་མཚུངས།  

    དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་གི་ཆགས་ཚུལ་དང་ཕྱག་བཏབ་པ་པོ་ནི། ས་ཆ་འདིར་ཐོག་མར་བཀའ་བརྒྱུད་པའི་དགོན་ཆུང་ཞིག་ཡོད་པ་དེ་ཉིད་ཕྱིས་སུ་འཇང་རྒྱལ་པོ་ཀརྨ་མི་ཕམ་བསོད་ནམས་རབ་བརྟན་གྱི་དུས་སྤྱི་ལོ་1514ལོ་ལ། ཀརྨ་བཀའ་བརྒྱུད་མོ་ཀྭ་བླ་མ་བདེ་སྐྱིད་དང་ནོར་བུ་རྣམ་གཉིས་ཀྱིས་མེ་ལོང་དགོན་སྨད་དང་། ནག་འབྲོག་ཟེ་ཡོང་དགོན། ཧོར་དགོན་གསུམ་བསྡོམས་ནས་དགོན་འདི་འཕེལ་རྒྱས་རྒྱ་ཆེར་བཏང་སྟེ་མིང་ལ་གཙུག་ལག་འཕེལ་རྒྱས་གླིང་ཞེས་བཏགས།  དགོན་བདག་ནི་རྦ་ལྕོག་བླ་མ་འཕྲིན་ལས་ལྷུན་འགྲུབ་གྲགས་པ་རྒྱལ་མཚན་མཆོག་ཡིན། སྤྱི་ལོ་1676ལོ་ལ་རྒྱལ་བ་ལྔ་པ་བློ་བཟང་རྒྱ་མཚོས་དགེ་འདུན་པ་70ལྷག་ཙམ་ཞུགས་པའི་དགོན་པ་འདི་ཉིད་དགེ་ལུགས་པ་ལ་བསྒྱུར་ཏེ་མིང་ལ་དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་ཞེས་བཏགས་ཏེ་དེ་ནས་བཟུང་དགོན་པ་འདི་དགེ་ལུགས་པར་ཆག  སྤྱི་ལོ་1680ལོར་ལྷ་ས་འབྲས་སྤུངས་བློ་གསལ་གླིང་གི་རབ་འབྱམས་པ་ངག་དབང་སྨོན་ལམ་ཞེས་པ་འཇོལ་དགའ་ལྡན་བདེ་ཆེན་གླིང་དང་། སྔོ་ཕུ་དགའ་ལྡན་ཡངས་པ་ཅན། དགའ་ལྡན་དོན་གྲུབ་གླིང་བཅས་དགོན་ཁག་གསུམ་སྤྱི་ཁྱབ་ཀྱི་བླ་མའམ་མཁན་པོ་ལ་བཏང་ཞིང་ཧོར་ཟླ་བཅུ་པའི་ཚེས་གསུམ་ཉིན་ལ་དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་དུ་བྱོན་ནས་མཛད་འཕྲིན་བསྐྱངས་པ་སོགས་ད་ལྟའི་དུས་ལ་ཡང་འཆད་ཉན་གྱི་སྡེ་ཤིན་ཏུ་རྒྱས་པའི་དགོན་སྡེ་ཆེ་གྲས་ཤིག་ཏུ་ཆགས་ཡོད། ཡང་སྤྱི་ལོ་1988ལོར་སྲིད་གཞུང་གི་ཆོག་མཆན་ལྟར་སྔོ་ཕུ་གྲྭ་ཚང་གི་འདུ་ཁང་ཆེན་མོ་སླར་བཞེངས་ཀྱི་གྲ་སྒྲིག་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱིས་རོགས་དངུལ་ཁྲི10ཙམ་གནང་། རྦ་ལྕོག་བླ་མ་དང་བྲག་རོང་རྒན་གཉིས་ཀྱིས་ཚྭ་བ་རོང་དང་དགོན་འདིའི་ཁོངས་གཏོགས་སྡེ་ཚོ་དང་ཧོར་གྲོང་དུད་ཁ་བརྒྱ་ལྷགས་ཀྱི་ཞལ་འདེབས་བསྡུས་པ་ཁྱོན་བསྡོམས་སྒོར་ཁྲི200ལྷག་ཙམ་བྱུང་བ་རྣམས་མཐུན་རྐྱེན་བྱས་ཏེ་སྤྱི་ལོ་1989ལོར་ཚོགས་ཁང་གསར་བསྐྲུན་གྱི་འགོ་བཙུགས་ཏེ་ལོ་མཇུག་ཏུ་སྔར་ལས་ལྷག་པའི་འདུ་ཁང་ཆེན་མོ་གསར་བཞེངས་ལེགས་གྲུབ་བྱུང་། རྦ་ལྕོག་བླ་མ་འཕྲིན་ལས་ལྷུན་འགྲུབ་གྲགས་པ་རྒྱལ་མཚན་མཆོག་གིས་རྒྱལ་ཁབ་ཀྱི་འགོ་ཁྲིད་རིམ་པ་དང་ས་གནས་ཀྱི་མི་སེར་གྱི་རོགས་རམ་འོག་དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་གི་ཕྱོགས་སོ་སོར་སྔ་མ་དང་བསྡུར་ན་འཕེལ་རྒྱས་ཆེན་པོ་བྱུང་ཡོད།  ལྷག་པར་རྒྱལ་ཁབ་ནས་ཆོས་ལུགས་དད་མོས་རང་དབང་ལ་བརྩི་མཐོང་གང་ལེགས་བྱས་པས་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། ང་ཚོས་ཀྱང་རྒྱལ་གཅེས་ཆོས་གཅེས་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སེམས་ཅན་རྣམས་ཡ་རབས་དང་གུས་ལུགས་ལ་འཇུག་པའི་སློབ་གསོ་གཏོང་བཞིན་ཡོད་ཅེས་གསུངས། སྔར་འདུ་ཁང་གི་ཀ་བ་རུལ་བ་དང་གྱང་གས་པ་སོགས་ཀྱི་གནས་ཚུལ་བྱུང་བས་སྤྱི་ལོ་2014ལོར་འདུ་ཁང་ཞིག་གསོ་བྱེད་པར་རྒྱལ་ཁབ་ཀྱིས་སྒོར་ཁྲི300རོགས་སྐྱོར་གནང་ཞིང་རྗེ་ཁང་གི་ཕྱིའི་འཛུགས་སྐྲུན་ལ་སྒོར་ཁྲི90ཡི་རོགས་སྐྱོར་གནང་། 2022ལོར་དགོན་པའི་ཐབ་ཚང་གསར་འཛུགས་ལ་སྒོར་ཁྲི40ཡི་རོགས་སྐྱོར་གནང་། ད་ལྟའི་དུས་ལ་དགོན་པའི་ཚོགས་ཁང་དང་ཐབ་ཚང་སོགས་རྒྱ་ཆེ་ཞིང་གཙང་དག་ཡིན་པ་ཞིག་འཛུགས་སྐྲུན་བྱས་ཡོད་པ་མ་ཟད།  དཔེ་དེབ་ཁང་ཡང་གསར་འཛུགས་གནང་ནས་རིག་གནས་འཛུགས་སྐྲུན་ཐད་རོགས་སྐྱོར་གནང་དང་གནང་མུས་སུ་མཆིས། 2021ལོར་འབྲེལ་ཡོད་སྡེ་ཁག་གིས་འཆམ་མཐུན་དགོན་སྡེའི་གསར་འཛུགས་ཁ་གསབ་ལ་མི་དམངས་ཤོག་སྒོར་ཁྲི་10གནང་ཡོད།   དགོན་པ་རང་ནས་ཀྱང་ནུས་པ་གང་ཡོད་བཏོན་ཏེ་འབད་བརྩོན་བསླད་མེད་བྱས་པས་གོམ་པ་རིམ་བགྲོད་ཀྱིས་ལོ་རེ་བཞིན་ཡར་རྒྱས་ཕྱོགས་སུ་འགྲོ་དང་འགྲོ་བཞིན་ཡོད།

▲སྒོ་ཆེན་མཆོད་རྟེན་བཞེངས་འདྲ། 

▲གྲྭ་བ་དང་མི་སེར་ཚོས་མཉམ་དུ་དགོན་སྡེ་འཛུགས་སྐྲུན་བྱེད་པ།

▲གྲ་དག་པའི་དགོན་པའི་ཟ་ཁང་།

    བསླབ་པ་སློབ་གཉེར་གཙིགས་སུ་བཟུང་བ་རྨད།

    དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་གི་རེ་བ་ལྟར་སྤྱི་ལོ་2004ལོ་ལ་བྲག་གཡབ་དགེ་བཤེས་གཉེན་བློ་བཟང་བསྟན་འཛིན་མཆོག་གདན་འདྲེན་ཞུ་རྒྱུ་བྱུང་། ཁོང་དགོན་འདིར་ཕེབས་ནས་དེང་སྐབས་འདི་བཞུགས་དགེ་འདུན་སྐྱ་སེར་ཡོངས་ལ་གཞུང་ཆེན་བཀའ་པོད་ལྔ་དང་ལམ་རིམ་ཆེ་ཆུང་སོགས་ཀྱི་སློབ་ཁྲིད་དང་། རིམ་གཉིས་ཀྱི་ཟབ་ཁྲིད་ཀྱི་སློབ་ཁྲིད་གནང་། ཁོང་གིས་ཐོག་དང་པོར་སློབ་ཁྲིད་བྱེད་དུས་སློབ་མའི་ནང་ན་དམིགས་པ་མི་གཏོད་པ་དང་།  ནང་དོན་ཧ་མི་གོ་མཁན་མང་པོ་འདུག་ཀྱང་ལོ་མང་རིང་གི་འབད་བརྩོན་བརྒྱུད་ནས་སློབ་མའི་ཆུ་ཚད་དང་གསོ་སྐྱོང་ཕྱོགས་གང་ཆར་ཕན་འབྲས་མངོན་གསལ་བླངས་ཡོད་ཅེས་གསུངས། དེང་གི་ཆར་དགེ་འདུན་པ་གྲངས་46ཙམ་ལ་དགེ་བཤེས་བློ་བཟང་བསྟན་འཛིན་མཆོག་གིས་གཟའ་འཁོར་རེའི་ནང་དབུ་མའི་དཔེ་ཁྲིད་དང་། ཕར་ཕྱིན་སོགས་ཀྱི་དཔེ་ཁྲིད་གནང་བཞིན་ཡོད།  ཁོང་གི་བཀའ་དྲིན་ལས་དགོན་འདིར་དགེ་བཤེས་ཨ་བུ་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་དགེ་བཤེས་ཀྱི་དམ་བཅའ་བཞག་པའི་དགེ་བཤེས་བློ་བཟང་ཡེ་ཤེས་སོགས་མཁས་པའི་སྡེའང་བྱོན་ནས་དགོན་པའི་གྲྭ་བ་དང་ས་གནས་མང་ཚོགས་སོགས་ལ་ཕན་བདེ་བསྐྲུན་བཞིན་པ་ལགས།   ཉེ་ཆར་འབྲེལ་ཡོད་ལས་ཁུངས་ཀྱིས་དགོན་པའི་གྲྭ་བཙུན་ལ་རྒྱལ་ཁབ་ཀྱི་སྤྱི་སྐད་སློབ་པའི་གསོ་སྦྱོང་འཛིན་གྲྭ་ཡང་བཙུགས་ནས་སྐད་ཡིག་དང་ལོ་རྒྱུས་སློབ་ཁྲིད་གནང་ཡོད།   དེར་མ་ཟད་དགོན་པ་འདི་རུ་ཡུན་ནན་ནང་བསྟན་སློབ་གླིང་གི་ཡན་ལག་སློབ་གླིང་ཡང་བཙུགས་ནས་ད་ལྟའི་དུས་ལ་དགེ་འདུན་པ51བཞུགས་ཡོད། སྤྱི་ལོ2010ཚུན་ཆད་ནས་རྒྱལ་ཁབ་ཀྱིས་དགོན་པའི་སློབ་གྲྭ་ལ་འཚོ་བའི་ཁ་གསབ་ལོ་རེ་ལ་སྒོར་ཁྲི་11ལྷག་གནང་བ་སོགས་ཕྱོགས་གང་ཅི་ཐད་ནས་རོགས་རམ་གནང་ཡོད། 

▲དགེ་བཤེས་གཉེན་བློ་བཟང་བསྟན་འཛིན།

▲དགོན་པའི་ཀྲུའུ་རེན་བསམ་འགྲུབ་ཀྱིས་གྲྭ་བ་ཚོར་རྒྱལ་ཁབ་ཀྱི་ལོ་རྒྱུས་འཆད་ཁྲིད་བྱེད་བཞིན་པ། 

图片

▲ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་དགེ་བཤེས་ཀྱི་དམ་བཅའ་བཞག་པའི་དགེ་བཤེས་བློ་བཟང་ཡེ་ཤེས།

    སྐྱེ་ཁམས་སྲུང་སྐྱོང་གནད་དུ་འཛིན་པ་སྤྲོ།  

    དགོན་འདིའི་སྟེང་གི་རི་རྩེ་ལ་བྲག་རི་དང་གངས་རིས་བསྐོར་བ། བར་དུ་སྨན་གྱི་རྩི་ཤིང་ནགས་ཚལ་དང་དེར་སྤྲེལ་དཀར་དང་གླ་བ་དོམ་སོགས་རྩ་ཆེན་རི་དྭགས་སྣ་ཚོགས་ཡོད། མཐའ་ལ་སྤང་ལྗང་ནེའུ་གསིང་གིས་བརྒྱན་པ། བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་པའི་གླུ་དབྱངས་དུས་དུས་སུ་སྒྲོག་པ་སོགས་མདོར་ན་སུམ་རྩེན་ལྷའི་གནས་དང་གཉིས་སུ་མེད་པ། ས་བབས་མཐོ་སྨད་རན་པ། མཁའ་རླུང་གཙང་བ། ཚ་གྲང་སྙོམས་པ་སོགས་སྔོ་ཕུ་ལུང་པ་འདི་བདེ་ཆེན་རྫོང་ཁོངས་སུ་ས་ཆ་སྐྱིད་ཤོས་ཡིན། དགོན་འདིའི་གནས་བདག་གཙོ་བོ་དགོན་གྱི་གཡས་ཕྱོགས་སུ་བྲག་རི་དཀར་པོ་རྩེ་མོར་རྣོ་བ་ཁ་བས་གཡོགས་པའི་པད་མ་གངས་རི་ཞེས་གྲགས་པ་དགྲ་ལྷ་ཁྱུང་ཆིབས་ཟེར་བའི་གཞི་བདག་ཅིག་ཡོད་པ། འདི་སྔོན་གྱི་ལོ་རྒྱུས་ལ་གནས་ཆེན་ཁ་བ་དཀར་པོའི་བུ་ཡིན་ཞེས་བཤད་ཚུལ་ཡོད། ཡབ་ཁ་བ་དཀར་པོ་དང་། ཡུམ་སྨན་བཙུན་མོ། བུ་དགྲ་ལྷ་ཁྱུང་ཆིབས་གསུམ་ཀ་དགོན་པ་འདི་ནས་དུས་གཅིག་ཏུ་མཇལ་ཐུབ། དགྲ་ལྷ་ཁྱུང་ཆིབས་ཀྱི་གཡོན་ཕྱོགས་སུ་བྲག་རི་རྩེ་ལ་དུང་མཚོ་སྤུན་བདུན་ཞེས་ལྷའི་བུ་མོ་སྤུན་བདུན་བྱུང་ཏེ་མཚོ་དེར་གནས་པའི་མཚོ་དཀར་པོ་འོ་མ་འདྲ་བ་ཞིག་ཡོད་པ་ཆུ་འཐུང་བ་དང་ཁྲུས་བྱས་ན་ནད་ཡམས་འགོག་པ་དང་། གཟུགས་གཞི་བདེ་ཐང་ཡོང་བ་སོགས་ཁྱད་ཆོས་དུ་མ་ཡོད།  ཟླ་གསུམ་པའི་ཟླ་མགོ་ནི་ཧོར་གྲོང་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་ལ་འཁེལ་ཡོད་ཅིང་།  ཁམ་བུའི་མེ་ཏོག་གི་ཀློང་ན་དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་ནི་སུམ་རྩེན་གནས་ཀྱི་ཕོ་བྲང་ཞིག་དང་ཀུན་ནས་མཚུངས་པར་མཛེས་ཤིང་ལྟ་ན་སྡུག་ཅིང་།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་ནི་འདི་ལྟ་བུ་ཞིག་གོ་སྙམ་དུ་སེམས། 

    སྔོན་གྱི་ལོ་རྒྱུས་ལ་རྩི་ཤིང་ནགས་ཚལ་གཅོད་མི་ཆོག་པ་དང་། རི་སྐྱེས་སྲོག་ཆགས་རྣམས་ལ་གནོད་པ་བྱེད་མི་ཆོག་པ་སྔ་ནས་ཡོད་ལ་ད་ལྟའང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ང་ཚོས་དགོན་པའི་ངོས་ནས་ཀྱང་རྟག་ཏུ་ཤིང་འཛུགས་ནགས་བསྐྲུན་དང་བདག་གཉེར་བྱེད་བཞིན་ཡོད་པས་སྔ་ལས་སྔོ་ལྗང་དང་རྩི་ཤིང་ནགས་ཚལ་དང་རི་དྭགས་སོགས་སྐྱེ་ཁམས་དོ་སྙོམས་བྱུང་བ་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་ཡོད། 

    འཆམ་མཐུན་ལག་ཟུང་དམ་དུ་སྦྲེལ་བ་མཚར། 

▲དགའ་ལྡན་ཡངས་པ་ཅན་དུ་ཉར་བའི་རིག་དངོས་རྩ་ཆེན།

    དགའ་ལྡན་ཡངས་པ་ཅན་ཕུན་ཚོགས་གླིང་ནི་འཆམ་མཐུན་གྱི་དགོན་པ་ཞིག་ཡིན་ཏེ།  དགོན་པའི་ཐང་ཆེན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཡིག་འབྲུ་ཉེར་བཞི་གསལ་ལྷང་ངེ་མཐོང་ཐུབ་ཅིང་འདུ་ཁང་གི་སྒོ་ཆེན་སྟེང་དུ་འཆམ་མཐུན་དགོན་པ་ཞེས་པའི་མཚན་བྱང་བཀལ་འདུག   རབ་བྱུང་བཅུ་བཞི་པའི་ཤིང་ཕོ་སྟག་སྤྱི་ལོ1854ལོ་ལ་རྒྱ་ནག་གོང་མ་ཆེན་པོས་ཤིང་ལེབ་གྲུ་བཞིའི་ཐོག་ལ་རྒྱ་ཡིག་化行南邦ཞེས་གསེར་ཡིག་ཡིག་འབྲུ་བཞི་བྲིས་ཡོད་པ་གནང་བ་མ་ཟད་གསེར་གྱི་ཐམ་ག་ཞིག་ཀྱང་གནང་ཞིང་དེ་ནི་ཆོས་ཕུང་རྒྱལ་ཁམས་ཁྱབ་དོན་ཡིན་ལ་ད་ལྟའང་དགའ་ལྡན་ཡངས་པ་ཅན་གྱི་གྲྭ་ཚང་དུ་ཉར་ཡོད། བརྗིད་ཉམས་ལྡན་པའི་རྗེ་ཁང་ནང་དུ་རྦ་ལྕོག་བླ་མ་དང་བུམ་གྲུབ་བླ་མ། རུ་ཧུག་བླ་མ།  དམ་ཆོས་རིན་ཆེན་འབྱུང་གནས། རྗེ་ཆོས་ཀྱི་རྒྱ་མཚོ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་སྤྲུལ་དམ་པ་མང་པོ་ཞིག་གི་སྐུ་འདྲ་བཤམས་ཡོད་ཅིང་། དེང་གི་ཆར་ཡང་རྦ་ལྕོག་བླ་མ་སྐུ་ཕྱོགས་གྲགས་པ་གཙོ་བྱས་པའི་དགེ་འདུན་སྤྱི་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བརྩི་སྲུང་དང་། མི་རིགས་མཐུན་སྒྲིལ།  རང་བྱུང་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ལས་ལ་ཧུར་ཐག་གིས་ཞུགས་ནས་གཞན་ཕན་གྱི་ལས་མང་པོ་བགྱིས་ཡོད།  སྤྱི་ལོ་1986ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་བདེ་ཆེན་ཁུལ་ལ་གཟིགས་ཞིབ་གནང་བར་ཕེབས་དུས་ཀྱི་བཞུགས་ཁྲི་དེ་ཡང་དགའ་ལྡན་ཡངས་ཅན་ཕུན་ཚོགས་གླིང་ལ་གནང་བ་ད་ལྟའང་མཇལ་རྟེན་དུ་ཡོད། སྤྱི་ལོ2006ལོའི་ཟླ5པའི་ཚེས20ཉིན་པཎ་ཆེན་ཨེར་ཏེ་ཎི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་བདེ་ཆེན་དུ་ཕེབས་དུས་མང་ཚོགས་ལ་ཆོས་འབྲེལ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སྒོ་ནས་བཀའ་སློབ་ཟབ་གནད་མང་དུ་གནང་། དེ་ལྟར་དགོན་པ་འདིའི་བླ་གྲྭ་རྒན་གཞོན་ཚང་མ་རྒྱལ་གཅེས་ཆོས་གཅེས་ཀྱི་ངང་ནས་བཅུ་ཕྲག་རིག་པའི་གནས་ལ་སྦྱང་བརྩོན་ལྷོད་མེད་ཀྱི་སྒོ་ནས་ཡར་རྒྱས་ཀྱི་ལམ་བུ་ཐོག་ཏུ་སྐྱོད་བཞིན་པ་ཡིན།

▲ཏོག་གསར་གློ་ཚད་ལ་སྒོར་ཁྲི10ལྷག་གི་ཞལ་འདེབས་ཕུལ།

    དགོན་པའི་འདུ་ཁང་ནང་དུ་ལྷ་སྐུ་གཙོས་པའི་བཀའ་བསྟན་ཚར་ཉི་ཤུ་ལྷག་དང་གཞན་ཡང་གཟུངས་སྔགས་ཁྱད་པར་ཅན་མང་པོ་དང་། སྐུ་པར་འབུམ་ཐེར་སྟོང་ཕྲག་ལས་བརྒལ་བ་བཞུགས་ཡོད།  གཏེར་མ་ཚ་སྦུབ་གཙོས་པའི་སྦུབ་ཆ་རྙིང་པ་སྤུས་ལེགས་12ཚུར་ལག་སོན་བྱུང་ཏེ་ད་ལྟ་དགོན་དུ་ཉར་ཡོད།  དུང་དཀར་དངུལ་གྱི་དུང་སྒྲོས་བརྒྱན་པ་ཆེ་ལེགས་2ཡོད་པ་ཚོགས་དུང་ཡིན་པ་རིག་དངོས་རྩ་ཆེན་ཡང་འབོར་ཆེན་ཡོད།

     ▲གྲྭ་བ་ཚོས་དཀའ་ངལ་ཅན་ལ་བརྩེ་སེམས་འབུལ་བ།

    ཆུ་གློག་ལམ་གསུམ་སོགས་ཀྱི་འཛུགས་སྐྲུན་བདེ་སྐྱིད་རྒྱན་དུ་མཆེད།  

    དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བསམ་འགྲུབ་ལགས་ཀྱིས་བཤད་ན།  སྔར་ཡིན་ན་དགོན་པའི་ཕྱོགས་སུ་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་ཙམ་ལས་མེད་པས་གྲྭ་བ་རེས་རྟ་རེ་གསོས་ནས་འགྲོ་འོང་བྱེད་པར་རྟ་ལ་ཞོན་ནས་འགྲོ་དགོས་པ་དང་།  དེང་སང་ཡིན་ན་དགོན་པའི་ནང་དང་གྲྭ་ཤག་གི་སྒོ་ཁར་ཐད་ཀར་དུ་རླངས་འཁོར་བསྐོར་ནས་སོང་ཆོག་པས་འགྲིལ་འགྲུལ་ཐད་སྟབས་བདེ་མོ་བྱུང་ཡོད་ཟེར།  དེ་ཡང་སྤྱི་ལོ་2000ལོ་ལ་སྔོ་ཕུ་གཞུང་ལམ་བཟོ་སྐབས་རྦ་ལྕོག་བླ་མ་སྐུ་ཕྱོགས་གྲགས་པས་ཡུན་ནན་ཞིང་ཆེན་དང་བདེ་ཆེན་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་ལ་མ་དངུལ་རོགས་སྐྱོར་གྱི་ཞུ་ཡིག་ཕུལ་ནས་སྒོར་ཁྲི7ཙམ་གནང་བས་གཞུང་ལམ་ལེགས་གྲུབ་བྱུང་ཏེ་སྔོ་ཕུ་ཡུལ་དུ་རླངས་འཁོར་གཞུང་ལམ་མེད་པའི་གནས་ཚུལ་མཇུག་སྒྲིལ།  དེ་ལྟར་ཆུ་དང་གློག ལམ་གང་ཡིན་རུང་སྔར་དང་བསྡུར་ན་ཧ་ལས་པའི་སྟབས་བདེ་བཟོས་ཡོད།  དགོན་པ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་གྲྭ་བཙུན་ཚོས་ཀྱང་གཞན་ལ་རོགས་རམ་བྱེད་པའི་གོམ་ཁ་ལྷོད་གཡེང་དུ་བཏང་མེད་པར།  ཉེ་བའི་ལོ་ཤས་སྔོན་ཧོར་གྲོང་གི་དུད་ཁ་ཞིག་གི་བུ་ཚ་ནད་ཀྱི་མནར་ཏེ་ཉམས་ཐག་པར་གྱུར་བ་ལ་དགོན་པའི་དགེ་འདུན་ཡོངས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་སྒོར་ཁྲི2ཀྱི་རོགས་རམ་གནང་ཡོད།  ཡང་གྲོང་ཚོའི་ཁེར་རྐྱང་དུ་ལུས་པའི་རྒན་པོ་2ལ་ལོ་ལྟར་ཕྱེ་དང་གཡུས།  འབྲས་སོགས་བསྐྱལ་ནས་བརྩེ་སེམས་མཚོན་གྱི་ཡོད། 2021ལོར་བདེ་ཆེན་རྫོང་རྒྱ་གྲམ་དམར་བོ་ཚོགས་པར་སྒོར་ཁྲི་10ལྷག་གི་ཞལ་འདེབས་ཕུལ་ནས་ཏོག་དབྱིབས་ནད་དུག་གི་རིམས་ནད་གསར་པ་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་ཆེད་ནུས་ཤུགས་ཕུལ་ཡོད། ། 



图片

ངེད་བདེ་ཆེན་ཉིན་རེའི་ཚགས་པར་ལ་ཞོལ་དུ་བཀོད་པའི་སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་ནས་བལྟ་ཐུབ།

http://www.shangri-latibet.cn