འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

གངས་འདབས་ཀྱི་འཇོལ་དགའ་ལྡན་བདེ་ཆེན་གླིང་།

        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འཇོལ་རྫོང་མཁར་བར་དུ་སྤྱི་ལེ182ཀྱི་ལམ་ཐག་ཡོད་ཅིང་། ལམ་ཐིག་འདི་ནི་འཛམ་གླིང་ཡུལ་གྲུ་སོ་སོ་ནས་ཐོན་པའི་ཡུལ་སྐོར་བ་དག་གིས་ཁ་བ་དཀར་པོར་ལྟད་མོ་བལྟ་བ་དང་ཕྱི་ནང་བསྐོར་བ་བྱེད་སའི་ངེས་བརྒྱུད་གཞུང་ལམ་ཞིག་ཡིན།  དེ་ཡང་པད་མ་རི་བོའི་ས་མཚམས་བརྒལ་ནས་དབུ་ནུབ་སྟེང་དུ་སླེབས་པ་ན་འཇོལ་རྫོང་མཁར་གྱི་རི་སྒང་གཟར་མོ་ཞིག་གི་ཐོག་ན་རྔམ་བརྗིད་ལྡན་པའི་དགོན་པ་ཞིག་ཆགས་ཡོད་པ་སྐྱེ་བོ་ཀུན་གྱི་འདྲེན་བྱེད་མིག་གི་དགའ་སྟོན་དུ་མངོན་ཡོང་ཞིང་། འཇོལ་དགའ་ལྡན་བདེ་ཆེན་གླིང་ཞེས་མཚན་གྱི་གྲགས་པ་ཕྱོགས་བཞིའི་རྒྱན་དུ་མཆེད་པ་འདི་ནི་ང་ཚོ་དངོས་སུ་བཅར་འདྲིར་འགྲོ་བའི་དམིགས་སའང་ཡིན་པ་ལ། སྔར་ནས་དགོན་པའི་དོ་དམ་ཨུ་ལྷན་ལ་འབྲེལ་བ་བཟོས་ཡོད་པས་ང་ཚོ་བཅར་འདྲི་ཚོགས་པ་དགོན་པའི་སྒོ་ཁར་ཐོན་དུས། ཀྲུའུ་རེན་བྱམས་པ་བཀྲ་ཤིས་ལགས་ཀྱིས་གདོང་ལ་ལྷད་མེད་ཀྱི་འཛུམ་མདངས་བཅངས་བཞིན་ང་ཚོ་རེ་རེ་ལ་ལག་འཇུ་དང་བསུ་མ་གང་ལེགས་བྱས།  དགོན་པའི་སྒོ་ཆེན་ནས་ནང་དུ་འཛུལ་མ་ཐག་འདུ་ཁང་ཆེན་མོའི་བརྗིད་ཉམས་དང་བཀྲགས་མདངས་ཆེ་བའི་ཚོན་རིས་ཀྱིས་ཡིད་སེམས་རབ་ཏུ་འགུག་ཅིང་།  དགོན་པའི་སྒོ་ཆེན་ན་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་གཡས་གཡོན་དུ་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་འགེལ་བྱང་སྦྱར་བ་ལས་དགོན་པ་འདི་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་དགོན་སྡེ་ཞིག་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཧུར་ཐག་བྱེད་པའི་དགོན་པ་ཞིག་ཡིན་པའི་ཚོར་སྣང་བྱུང་།  ཁ་བརྡ་ཅུང་ཙམ་བྱས་རྗེས་ང་ཚོས་དངོས་སུ་བཅར་འདྲི་བྱེད་པའི་མགོ་བརྩམས་པ་ཡིན།  

འཇོལ་དགའ་ལྡན་བདེ་ཆེན་གླིང་གི་འདུ་ཁང་ཆེན་མོ།

        དགོན་པའི་འཕེལ་རྒྱས་ནི་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།  

        འཇོལ་དགའ་ལྡན་བདེ་ཆེན་གླིང་གི་ཆགས་ཡུལ་གྱི་སྐོར་ནས་བཤད་ན་ཡང་།  འདུ་འཛིང་དང་བྲལ་བའི་དབེན་པའི་གནས་མཆོག་ཅིག་ཏུ་བཞེངས་ཡོད་པ་དང་།འཇོལ་རྫོང་ཧྲིན་ཕིང་གྲོང་རྡལ་གྱི་གོ་བཤུང་གྲོང་ཚོའི་ཕྱོགས་སུ་སྤྱི་ལེ3ཙམ་བསྐྱོད་ན་གཞི་ནས་དགོན་པར་སླེབས་ཐུབ། གོ་བཤུང་དུད་ཁ་34ཡི་སྡེ་མགོ་ན་དགོན་པ་འདི་ཉིད་བརྗིད་ཆགས་པར་གནས་ཡོད་ཅིང་འཇོལ་ས་ཆའི་དགོན་པ་གྲགས་ཆེ་བའི་སྡེར་གཏོགས།  གནའ་སྔ་མོའི་དུས་ལ་དགོན་པ་འདི་ནི་བོན་གྱི་བསྟན་པ་དར་སྔ་བའི་གནས་ཤིག་ཡིན་པར་བརྗོད་ཅིང་།  ཉེ་བའི་ལོ་འགའི་སྔོན་དུ་གནམ་པོ་གྲོང་ཚོ་སོགས་སུ་རྡོའི་པུར་སྒམ་བྱུང་བ་སོགས་ལས་ཡུལ་འདི་ནི་བོན་གྱི་བསྟན་པ་དང་རིག་གནས་སོགས་དར་ཁྱབ་ཆེ་བའི་ཡུལ་ཞིག་ཡིན་པ་གསལ་བོར་ཤེས་ཐུབ།   ཕྱིས་སུ་བཀའ་རྒྱུད་པའི་དགོན་སྡེར་བསྒྱུར་བ་དང་སྐབས་དེ་དུས་ནས་འཇོལ་དགོན་པ་ཞེས་འབོད་སྲོལ་བྱུང་ཡོད།  སྤྱི་ལོ་1677ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་སྲིད་ལོ་བཅུ་དྲུག་པའི་སྐབས་སུ་བཀའ་བརྒྱུད་པའི་དགོན་པ་འདི་ནི་དགེ་ལུགས་པའི་དགོན་པར་བསྒྱུར་ཞིང་།   རྒྱལ་བ་ལྔ་བ་ཆེན་པོས་དགོན་པའི་མིང་ལ་དགའ་ལྡན་བདེ་ཆེན་གླིང་ཞེས་བཏགས་ཤིང་བདེ་བ་ཆེན་པོའི་ཞིང་གི་དོན་དུ་བསྔགས།  སྐབས་དེ་དུས་ནས་དགོན་པའི་ནང་དུ་མིག་ཚན་གསུམ་བཙུགས་ཡོད་པ་དང་། དགེ་འདུན་པ་མང་ཤོས་ཀྱི་དུས་སུ་མི་གྲངས་300ལྷག་བྱུང་ཡོད།   1908ལོར་དགོན་པ་བསྐྱར་འཛུགས་བྱས་ཤིང་།  དེ་དུས་འདུ་ཁང་ཆེན་མོ1དང་སྤྲུལ་སྐུའི་བླ་བྲང1    གཟིམ་ཤག་ཆེན་མོ1  གྲྭ་ཤག47བཅས་ཡོད།    1957ལོར་དམངས་གཙོ་བཅོས་བསྒྱུར་བྱེད་པའི་སྐབས་སུ་བདེ་ཆེན་གླིང་དགོན་པར་བླ་མ2དང་དགེ་འདུན་པ་116ཡོད། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་དགོན་པར་གཏོར་བརླག་ཐེབས་པ་དང་། 1984ལོར་བསྐྱར་སྐྲུན་བྱེད་སྐབས་འཇོལ་རྫོང་ཤར་ལྷོའི་ངོས་ཀྱི་སྤྱི་ལེ་3མཚམས་ཀྱི་རྒྱས་མོ་མཚོའི་འགྲམ་དུ་སྤོས་པ་དང་།  2006ལོར་སླར་ཡང་སྔོན་གྱི་དགོན་གནས་སུ་སྤར་ནས་བསྐྱར་སྐྲུན་བྱས་ཏེ་ད་ལྟའི་ཆར་ལ་དགོན་པ་འདིར་འདུ་ཁང་ཆེན་མོ་གཅིག་དང་།   གྲྭ་ཤག་ཐོག་བརྩེགས2   བླ་མའི་གཟིམ་ཁང1   དགོན་པའི་ཐབ་ཚང་1བཅས་ཡོད་ཅིང་།   དགོན་པའི་ས་ཁྱོན་ལ་སྨི་གྲུ་བཞི་མ2234.4ཡོད།  2013ལོ་ནས་བཟུང་དགའ་ལྡན་བདེ་ཆེན་གླིང་དགོན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་དངོས་སུ་ལག་བསྟར་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་གྲས་སུ་འདུ་ཁང་ཆེན་མོ་ཉམས་གསོ་དང་།   ཞོར་གཏོགས་རླངས་འཁོར་འཇོག་ས།   སྔོ་འགྱུར་ལས་གྲྭ   ཕྱི་གྱང་རྡུང་བ་སོགས་ཚུད་ཡོད་པ་ཚང་མ་ལག་བསྟར་བྱས་ནས་ལེགས་འགྲུབ་བྱུང་ཡོད། 2017ལོའི་ཟླ6པའི་བར་དུ་དགོན་པ་འདིར་གོམ་རིམ་སྲིད་གཞུང་ནས་ཐོ་འགོད་བྱས་པའི་བླ་མ1དང་དགེ་འདུན་པ་12ཡོད། ཡུན་ནན་ཞིང་ཆེན་དང་། ཁུལ།  རྫོང་བཅས་གོང་རིམ་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ཐུགས་ཁུར་འོག     དེ་ཡང་འདུ་ཁང་ཆེན་མོའི་ཉམས་གསོའི་ལས་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ187.55ཟིན་པ་དང་། 2015ལོའི་བར་དུ་རྒྱལ་ཁབ་རིམ་པ་ནས་སྔ་ཕྱིར་མ་དངུལ་སྒོར་ཁྲི1000གནང་ནས་དགོན་པར་འཛུགས་སྐྲུན་རྒྱ་ཆེན་བགྱིས་པ་དང་སྲིད་ཇུས་སོགས་ཀྱི་རྒྱབ་སྐྱོར་མི་དམན་པ་གནང་བ་ལ་བརྟེན་ནས་དགོན་པའི་ཁོར་ཡུག་དང་འཛུགས་སྐྲུན། རིག་གནས། གྲྭ་བཙུན་གྱི་འཚོ་བའི་རྣམ་པ་སོགས་ལ་མངོན་གསལ་གྱི་འགྱུར་ལྡོག་བྱུང་ནས་ཀུན་གྱི་སྤྱན་ལམ་དུ་མངོན་ཡོང་བ་ནི་མཛེས་ཤིང་ལྟ་ན་སྡུག་ལ་རྔམ་བརྗིད་ལྡན་པའི་དགོན་ཆེན་ཞིག་གི་སྣང་བརྙན་ཆགས་ཡོད། 

སྔོན་གྱི་འདུ་ཁང་ཆེན་མོ།

དུས་ད་ལྟའི་འདུ་ཁང་ཆེན་མོ།

        མི་རིགས་མཐུན་སྒྲིལ་རིག་དངོས་བཤམས་སྟོན་ཁང་གི་འཛུགས་པར་ཤུགས་སྣོན་བཞིན་པ།

        དགོན་པའི་ནང་དུ་ཐོན་མ་ཐག་བརྗིད་ཉམས་ལྡན་པའི་འདུ་ཁང་ཆེན་མོ་དེ་མིག་ལ་སྣང་ཡོང་ཞིང་།  འདུ་ཁང་ནང་དུ་གསེར་ཟངས་ལས་གྲུབ་པའི་སྐུ་བརྙན་སྣ་ཚོགས་དང་། སྐུ་གདུང་མཆོད་རྟེན་མང་ཞིང་།  གནའ་བོའི་བཟོ་རྩལ་མ་ཉམས་པའི་ཀ་རྙིང32སོར་བཞག་བྱས་ནས་མཛེས་ཆ་དོད་ཅིང་ལོ་ངོ160ལྷག་གི་ལོ་རྒྱུས་ལྡན་ཡོད།   དགོན་པ་འདིར་མཚལ་ལས་བྲིས་པའི་ས་དམ་པར་མའི་བཀའ་བསྟན་འགྱུར་པོད20དང་། གླིང་སྒྲུང་། རྡོ་ཆས། པ་ཏྲ་རྙིང་བ་སོགས་རིག་དངོས་རྩ་ཆེན་མང་པོ་ཞིག་ཉར་ཚགས་བྱས་ཡོད་པ་མ་ཟད།  ཤིང་སྒམ་རྙིང་བ།  འབག་ཞལ་སྣ་ཚོགས།  ཞྭ་ནག    ཙོང་ཁ་བརྒྱད་བཅུ་ཡི་ཤིང་རིས་རྙིང་པ་སོགས་ཀྱང་ཉར་ནས་རིག་དངོས་སྲུང་སྐྱོབ་ཐད་ནུས་ཤུགས་མི་ཉུང་བ་ཞིག་བཏོན་འདུག   དེར་མ་ཟད་སྔར་གྱི་བོད་རྒྱ་ཕན་ཚུན་འགྲོ་འོང་དང་རིག་གནས་བརྗེ་རེས་སྐོར་གྱི་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་ཀྱང་ཉར་ཡོད།   སྤྱི་ལོ་1986ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་བདེ་ཆེན་ཁུལ་ལ་གཟིགས་ཞིབ་གནང་བ་ཕེབས་དུས་ཀྱི་བཞུགས་ཁྲི་དེ་དགའ་ལྡན་བདེ་ཆེན་གླིང་ལ་གནང་བ་ད་ལྟའང་མཇལ་རྟེན་དུ་བཞག་ཡོད།  གཞན་ཡང1992ལོར་ཐའེ་ལན་ཌི་རྒྱལ་ཁབ་ནས་ལྷོ་བརྒྱུད་ནང་བསྟན་ལུགས་ཀྱི་སྟོན་པའི་སྐུ་ཞིག་ཡུན་ནན་ཞིང་ཆེན་དུ་ཕུལ་བ་དེའང་ད་ལྟ་དགོན་པ་འདི་རུ་གནང་ཞིང་ལེགས་པར་ཉར་ཡོད་པས་དགོན་པ་འདི་ནི་རྟེན་མཛོད་ཁང་ཆེན་མོ་ཞིག་རེད་ཅེས་བརྗོད་ཆོག་ཆོག་ཡིན།  དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བྱམས་པ་བཀྲ་ཤིས་ལགས་ལ་བཅར་འདྲི་བྱེད་དུས།   ཁོང་གིས་ང་ནི་ལོ་ན་ཉི་ཤུའི་དུས་ལ་གྲྭ་བ་བཅོས་ཤིང་གྲྭ་བ་བྱས་ནས་ད་ལྟའི་བར་མི་ལོ20ལྷག་འགོར་ཡོད།  སྔ་ཕྱིར་ཡུན་ནན་བོད་བརྒྱུད་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་འབྲིང་རིམ་འཛིན་གྲྭ་ནས་མཐར་ཕྱིན་ཏེ་ད་ལྟའི་ཆར་དགོན་པའི་དོ་དམ་སྤྱི་ལ་འགན་འཁུར་བཞིན་ཡོད། འཇོལ་དགོན་པར་མཚོན་ན་རིག་དངོས་རྩ་ཆེན་མང་པོ་ཞིག་ཡོད་པ་དང་།   རིག་དངོས་རྩ་ཆེན་འདི་དག་སྲུང་སྐྱོབ་བྱེད་པར་དམིགས་ནས་ཉེ་ཆར་བདེ་ཆེན་གླིང་མི་རིགས་མཐུན་སྒྲིལ་རིག་དངོས་བཤམས་སྟོན་ཁང་འཛུགས་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་པའི་སྒང་ཡིན། བཤམས་སྟོན་ཁང་གི་ནང་དུ་མིག་སྔར་འཕགས་པ་བརྒྱད་སྟོང་བ་དངུལ་བྲིས་མ་1དང་།  ཤིང་རིས་པ་ཏྲ4  དུང་དཀར་རྙིང་བ་སྣ4  སྟེང་དུ་དབུ་མེད་ཀྱི་ཡི་གེ་བརྐོས་པའི་ཟངས་སྣོད4བཅས་བཤམས་ཡོད།  དེ་མིན་དགོན་པའི་བར་ཁྱམས་སུའང་ལྕགས་ཀྱི་སོ་ཕག་བཟོ་ཆས་དང་།  ཤིང་རིས་པ་ཏྲ། ཤིང་གི་སྒེའུ་ཁུང་།    རྡོ་སྐྱེགས།  གདུང་མ་འདེགས་བྱེད་བཅས་ཤེལ་མིག་ཏུ་བཞག་ནས་སྲུང་སྐྱོབ་བྱེད་དང་བྱེད་མུས་སུ་ཡོད།  

    བདེ་ཆེན་གླིང་དུ་ཉར་བའི་ས་དམ་པར་མའི་བཀའ་བསྟན་འགྱུར་པོད20མཚལ་བྲིས་མ། 

རྒན་བྱམས་པ་བཀྲ་ཤིས་ཀྱིས་རིག་རྫས་རྙིང་བ་དག་ངོ་སྤྲོད་བྱེད་བཞིན་པ།

ཙོང་ཁ་བརྒྱད་བཅུ་ལས་རྗེ་ཙོང་ཁ་བའི་སྐུའི་ཐང་ག་གཅིག

གནའ་བོའི་བོད་ཀྱི་ཅོག་ཙེ་གསེར་རིས་ཅན།

ཟངས་ཕོར།

ཤིང་གི་སྒེའུ་ཁུང་རྙིང་བ།

དགོན་པའི་འདུ་ཁང་རྙིང་བའི་ཤིང་གི་ཀ་རིང་། 

        མར་རྒྱན་ལག་ཤེས་སྒྱུ་རྩལ་མ་ཉམས་གོང་འཕེལ་གཏོང་བཞིན་ཡོད།

        སྤྱིར་བཏང་དགོན་པ་སོ་སོའི་འདུ་ཁང་ནང་དུ་མར་རྒྱན་གྱིས་བཟོས་པའི་བཀྲ་ཤིས་རྟགས་བརྒྱད་དང་མཐུན་པ་སྤུན་བཞི། ཚེ་རིང་རྣམ་དྲུག  དེ་མིན་ཆོས་ཀྱི་གནས་ལུགས་མཚོན་པའི་མར་རྒྱན་བཤམས་ཡོད་པ་མང་དུ་མཐོང་རྒྱུ་ཡོད་ལ།   དགོན་པ་སོ་སོའི་མར་རྒྱན་བཟོ་སྟངས་ལ་ཡང་རང་རང་སོ་སོའི་ཁྱད་ཆོས་ལྡན་ཡོད།  ང་ཚོ་བཅར་འདྲི་ཚོགས་པ་ཐབ་ཚང་བརྒྱུད་ནས་འགྲོ་དུས་ཏག་ཏག་མར་རྒྱན་བཟོ་བའི་དགེ་འདུན་པ་ཞིག་མཐོང་བ་དང་དེ་མུར་ཁོང་ལ་བཅར་འདྲི་བྱས་པ་ན་ཁོང་གི་མིང་ལ་བསོད་ནམས་ཉི་མ་དང་།  ཕ་ཡུལ་ཨ་གདོང་ནས་འཚར་ལོངས་བྱུང་སྟེ་རྗེས་སུ་བདེ་ཆེན་གླིང་དུ་གྲྭ་བ་བཅོས་ཏེ་ད་ལྟ་གཞི་ནས་ལོ་ན45སོན་ཡོད་པ་ཤེས།     མར་རྒྱན་བཟོ་བའི་གནས་ཚུལ་སྐོར་འདྲི་སྐབས། ཁོང་གིས་མར་རྒྱན་བཟོ་བའི་མཚམས་མི་འཇོག་པར།   ལག་པ་གཅིག་གི་ནང་དུ་མར་རྒྱན་གྱི་མེ་ཏོག་ཕར་བསྐོར་ཚུར་བསྐོར་བྱེད་པ་དང་།   ལག་པ་གཅིག་གིས་ཤིང་སྨྱུག་ཅིག་བཟུང་ནས་བཟོ་ལྟ་ཐོན་པར་གཟབ་ནན་བྱེད་ཞོར་འཚབ་འཚུབ་མེད་པའི་ངང་ནས་བཤད་རྒྱུར།  ང་རང་ལོ་ན་ཆུང་དུས་དགོན་པའི་གྲྭ་རྒན་འགའི་མདུན་ནས་མར་རྒྱན་བཟོ་བའི་ལག་རྩལ་བསླབས་པ་དང་།  ལག་རྩལ་བྱང་དུ་ཆུད་པ་དང་བསྟུན་ནས་ལོ་མང་པོ་ཞིག་ལ་དགོན་པའི་མར་རྒྱན་བཟོ་བའི་འགན་འཁུར་བ་ཡིན། མར་རྒྱན་བཟོ་བ་ལ་སེམས་གནད་དུ་གཏོད་དགོས།  ཕར་ཁ་ན་བཤམས་ཡོད་པའི་མེ་ཏོག་གི་མར་རྒྱན་འདི་དག་ནི་ཉིན་འདི་གའི་རིང་ལ་བཟོས་པ་ཡིན།   རང་ཉིད་ཁོམ་པ་བྱུང་དུས་དགེ་གྲོགས་གཞན་ལ་མར་རྒྱན་བཟོ་བའི་ལག་རྩལ་དང་ཚོན་གྱི་སྡེབ་སྟངས་སོགས་འཁྲིད་ནས་གནའ་བོའི་ལག་ཤེས་སྒྱུ་རྩལ་འདི་མ་ཉམས་གོང་འཕེལ་གཏོང་བའི་ཐད་ལ་རང་ངོས་ཀྱི་ནུས་པ་འདོན་བཞིན་ཡོད་ཟེར།    ང་ཚོ་དགོན་པའི་འདུ་ཁང་ནང་དུ་སོང་ནས་རྩ་ཆེའི་རིག་དངོས་ལ་བལྟ་སྐབས་རྒན་བསོད་ནམས་ཉི་མ་ལགས་ནས་རང་བྱུང་རྡོ་ཚོན་དང་མར་གྱི་རྒྱུ་ཆ་གཙང་མ་མཉམ་བསྲེས་ཀྱིས་བཟོས་པའི་མེ་ཏོག་མཆོད་པ་རྣམས་སྐུ་མདུན་དུ་བཤམས་ཡོད་ཅིང་།   མར་རྒྱན་དེ་དག་ལོ་མང་འགོར་ཡང་ཚོན་གྱི་མདངས་གསལ་བ་མ་ཟད།  བཟོ་ལྟ་ཡང་འབུར་དུ་དོད་ནས་མཐོང་བའི་མོད་ལ་ཡིད་ཀྱི་དང་བ་འདྲེན་ཞིང་འདི་ཡང་དགོན་སྡེ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། 

རྒན་བསོད་ནམས་ཉི་མས་མར་རྒྱན་བཏང་བཞིན་པ།

རྒན་བསོད་ནམས་ཉི་མའི་སོར་རྩེ་ནས་ཐོན་པའི་མར་རྒྱན།

        སྤྱི་ཕན་གྱི་ལས་དོན་སྒྲུབ་པར་ལྷོད་གཡེང་མེད།

        རྒྱལ་ཁབ་སྤྱི་དང་དབུ་འཛིན་རིམ་པ་ཁག་ནས་ཀྱང་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འབོད་སྐུལ་བཏང་ཡོད་པ་བཞིན།   དགོན་པའི་ངོས་ནས་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་གང་ལེགས་བྱེད་ཀྱི་ཡོད།   འདས་ཟིན་པའི་ལོ་ངོ་12ཀྱི་རིང་ལ།   དགེ་འདུན་པ་ཚོས་དགོན་པའི་ཁོར་ཡུག་ནང་དུ་ཤིང་ཕུང300ལྷག་བཙུགས་ཡོད།  ཡང་གངས་ཁ་མཚོའི་ཉེ་འཁོར་དུ་དབྱི་སི་ལན་ཆོས་ལུགས་ཀྱི་མི་སྣ་དང་མཉམ་དུ་ལོ་རེར་ཤིང་ཕུང30ལྷག་བཙུགས་ནས་སྤྱི་ཕན་གྱི་ལས་སྒྲུབ་པའི་ཞོར་དུ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་ཕྱོགས་ལ་ཡང་ནུས་པ་མི་དམན་པ་བཏོན་ནས་ཕན་ཚུན་རོགས་རེས་ཀྱི་ལས་ཀ་ཟམ་མ་ཆད་པར་སྒྲུབ་བཞིན་ཡོད། རྒན་བྱམས་པ་བཀྲ་ཤིས་ཀྱི་སྣེ་སྟོན་འོག་ང་ཚོ་དགོན་པའི་ནགས་རར་ཐོན་པ་དང་དགོན་པའི་ཉེ་འཁོར་ཀུན་དུ་སྔོ་ལྗང་གི་ཤིང་ཕུང་གིས་ཡོངས་སུབ་བཀང་ནས་ཉམས་དགའ་བའི་ཁོར་ཡུག་སྐྱིད་པོ་ཞིག་ཆགས་འདུག    གྲྭ་བཙུན་རྣམས་སྡོང་འཛུགས་ནགས་བསྐྲུན་གྱི་ལས་ལ་ཞུགས་ནས་སྤྱི་ཚོགས་ཀྱི་འགན་ནུས་བསྒྲུབས་པ་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་བཟང་བོ་བླངས་ཡོད་པ་འང་མིག་མཐོང་ལག་ཟིན་དུ་གྱུར་ཡོད།   དེར་མ་ཟད་དམག་མི་དང་ཉེན་རྟོག་པ།  དགོན་སྡེའི་གྲྭ་བའི་མཛའ་བརྩེའང་སྔར་ལས་ཇེ་བཟང་དུ་སོང་ཡོད་པ་དང་།  རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ལུས་རྩལ་ཡོ་བྱད་དགོན་སྡེ་བསྐྱལ་ནས་གྲྭ་བའི་བདེ་ཐང་འཕེལ་རྒྱས་ལ་དམིགས་ཡོད་པ་དང་།  འཇོལ་རྫོང་མེ་གསོད་རུ་ཁག་ཡིན་ན་ཡང་དགོན་པ་དང་འབྲེལ་བ་ཟབ་མོ་བཙུགས་ནས་དུས་རྟག་ཏུ་མེ་གསོད་ཤེས་བྱ་དྲིལ་སྒྲོག་དང་། མེ་སྐྱོན་བདེ་འཇགས་ཞིབ་བཤེར་དང་རྐྱེན་ངན་སེལ་རོགས་བཅས་བྱས་ནས་གྲྭ་བ་དག་ལ་མེ་གསོད་ཟབ་སྦྱོང་སྤེལ་ཡོད་པ་མ་ཟད། གཞུང་ནས་མ་དངུལ་བཏང་སྟེ་མེ་གསོད་ཆུ་རྫིང་ཡང་བཟོས་ཏེ་སྲིད་གཞུང་གིས་གྲྭ་བཙུན་གྱི་འཚོ་བའི་ཕྱོགས་སོ་སོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ཡོད།   དགོན་སྡེའི་གྲྭ་བཙུན་ཚོས་ཀྱང་ཚེས་མགོ་ལ་རྒྱལ་དར་སྒྲེང་བའི་མཛད་སྒོའང་འཚོགས་ནས་ཏང་ལ་དགའ་ཞེན་བཅངས་པའི་རྣམ་འགྱུར་བསྟན་ཡོད་ལ།  བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། 2021ལོར་བདེ་ཆེན་གླིང་གིས་འཇོལ་རྫོང་རྒྱ་གྲམ་དམར་བོ་ཚོགས་པར་སྒོར་ཁྲི5ལྷག་གི་ཞལ་འདེབས་ཕུལ་ནས་ཏོག་དབྱིབས་ནད་དུག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུའི་ཆེད་ནུས་ཤུགས་ཕུལ་ཡོད། 

དགོན་པའི་སྡོང་ར།

དགོན་འདིའི་གྲྭ་བ་དང་དབྱི་སི་ལན་ཆོས་ལུགས་ཀྱི་ཆོས་པས་མཉམ་དུ་ཤིང་ཕྲུག་འཛུགས་བཞིན་པ།

གྲྭ་བ་ཚོས་རྒྱལ་དར་བསྒྲེངས་ནས་ཏང་ལ་དགའ་ཞེན་བཅངས་པ།  


图片

ངེད་བདེ་ཆེན་ཉིན་རེའི་ཚགས་པར་ལ་ཞོལ་དུ་བཀོད་པའི་སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་ནས་བལྟ་ཐུབ།

http://www.shangri-latibet.cn