རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།འཇོལ་གྱི་ཁ་ཟས་བཟོ་བའི་སྲོལ་རྒྱུན་ལག་རྩལ་འདི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་བུད་མེད་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་དང་།བུད་མེད་ཀྱི་གསར་གཏོད་ལས་ཞུགས་ནུས་པ་སོགས་ཆེ་རུ་གཏོང་ཆེད།ཟླ་4པའི་ཚེས་12ནས་ཚེས་13ཉིན་བར་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ཞབས་ཞུ་ལྟེ་གནས་ཀྱིས་འཇོལ་ཤོད་གྲོང་ཚོའི་བུད་མེད་སྒྲིག་འཛུགས་བྱས་ཏེ་སྲོལ་རྒྱུན་གྱི་ཁ་ཟས་བཟོ་རྩལ་རྒྱུན་འཛིན་གྱི་གསོ་སྦྱོང་སྤེལ་བ་རེད།
གསོ་སྦྱོང་ནང་འཇོལ་རྫོང་གི་མཚོན་བྱེད་རང་བཞིན་གྱི་ཁ་ཟས་བཟོ་མཁན་རྒྱུན་འཛིན་པ་ཨ་མོ་གདན་དྲངས་ནས་ཚང་མར་ཡུལ་དངོས་སུ་མཛུབ་ཁྲིད་བྱས་པ་རེད།ཐེངས་འདིའི་གསོ་སྦྱོང་ཐོག་ཁྱོན་བསྡོམས་མི་25 ཞུགས་ཡོད་པ་རེད།
བྱེད་སྒོ་སྤེལ་འགོ་ཚུགས་རྗེས། འཇོལ་གྱི་སྲོལ་རྒྱུན་གྱི་ཁ་ཟས་བཟོ་བའི་ལག་རྩལ་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལ་དམིགས་ནས་འཇོལ་གྱི་སྲོལ་རྒྱུན་ཁ་ཟས་ཀྱི་ལོ་རྒྱུས་དང་།ལག་རྩལ་གྱི་ཁྱད་ཆོས་གཙོ་བོ།རིན་ཐང་སོགས་ཐད་འགྲེལ་བཤད་བརྒྱབ་པ་རེད།
གསོ་སྦྱོང་ཁྲོད་འཇོལ་གྱི་ཁ་ཟས་བཟོ་བའི་ལག་རྩལ་རྫོང་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཨ་མོ་ཡིས་འཇོལ་གྱི་ཁ་ཟས་བཟོ་བའི་བརྒྱུད་རིམ་ཡོངས་སློབ་ཁྲིད་བྱས་པ་རེད། སློབ་མ་ཚོས་བློ་རྩེ་གཅིག་སྒྲིམ་ངང་ཉན་བཞིན་དུ་དྲི་བ་འདོན་པ་དང་དགེ་རྒན་དང་མཉམ་དུ་ཞིམ་ཟས་བཟོས་པས།ཡུལ་དངོས་སུ་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད།སློབ་མ་ཚོས་གོ་སྐབས་འདི་ལེགས་པར་སྤྱད་དེ་འཇོལ་གྱི་ཁ་ཟས་བཟོ་བའི་ལག་རྩལ་ཁོང་དུ་ཆུད་པ་བྱས་པ་མ་ཟད།རྨང་གཞི་དེའི་ཐོག་རྙིང་དོར་གསར་ལེན་བྱས་ནས་ལག་རྩལ་དེ་རྒྱུན་འཛིན་དེ་བས་ཡག་པོ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
འཇོལ་གྱི་ཁ་ཟས་ལ་“ཟས་སྣ”ཞེས་ཀྱང་བརྗོད་ཀྱི་ཡོད།དེ་ནི་བོད་ཀྱི་ཕྱེ་བཟོས་བཟའ་བཅའི་སྤྱི་མིང་ཡིན། བཟོ་རྩལ་དེ་ད་བར་ལོ་ངོ་300ཡི་ལོ་རྒྱུས་ཡོད། འཇོལ་གྱི་ཁ་ཟས་བཟོ་བའི་ལག་རྩལ་དེ་2018ལོར་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་དྲུག་པའི་སྲུང་སྐྱོང་མིང་གཞུང་ནང་བཅུག་ཡོད་པ་རེད།