རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-21   རྩོམ་ཁུངས།   
ལོ་རྒྱུས་ཐོག་གནམ་མཚོ་དང་ཡར་འབྲོག་གཡུ་མཚོ། མ་ཕམ་གཡུ་མཚོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་བཅས་ལ་བོད་ཀྱི་མཚོ་ཆེན་བཞི་ཞེས་ཡོངས་སུ་གྲགས་ནས་ཡོད།
གནམ་མཚོ།
གནམ་མཚོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་གནམ་སྔོན་པོ་ཐང་ལ་ལྷུང་འདྲ་བའི་ཚུལ་དུ་ཡོད་ཅིང་མིང་གཞན་ལ་གནམ་མཚོ་ཕྱུག་མོ་ཡང་ཟེར། ལྷ་ས་དང་བར་ཐག་སྤྱི་ལེ ༢༣༠ ཙམ་ཡོད་ལ་ཚང་མ་སྣུམ་ནག་ལམ་ཡིན་པས་འགྲོ་བདེ་པོ་ཡོད། མཚོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡༩༩༣ ཙམ་ཡོད་ཅིང་། རྟ་བཞོན་ནས་དལ་འགྲོས་ཀྱིས་མཚོ་སྐོར་ལ་ཕྱིན་ན་ཉིན་བཅུ་གཅིག་འགོར་གྱི་ཡོད། མཚོ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིད ༤༧༡༨ དང་གཏིང་རིང་ཤོས་སྨིད ༡༢༠ ལས་བརྒལ་ཡོད། མཚོ་འདིའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་རྒྱ་ཆེ་ཞིང་མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་པོ་ཡོད།།

ཡར་འབྲོག་གཡུ་མཚོ།
ཡར་འབྲོག་གཡུ་མཚོ་ནི་རང་ལྗོངས་ཀྱི་ལྷོ་ཕྱོགས་ཏེ་ཡར་ཀླུང་གཙང་པོའི་ལྷོ་རྒྱུད་ཀྱི་སྣ་དཀར་རྩེ་རྫོང་གི་བྱང་ཕྱོགས་སུ་ཆགས་ཡོད་ཅིང་ལྷ་ས་ནས་བར་ཐག་སྤྱི་ལེ ༡༥༠ ཙམ་ཡོད། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༦༧༨ ཡོད་པ་དང་མཚོ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིད ༤༤༤༡ དང་གཏིང་ཚད་རིང་ཤོས་ལ་སྨིད ༥༩ ཙམ་ཡོད། མཚོ་འདིའི་བྱང་ངོས་དོག་ལ་ལྷོ་ངོས་ཡངས་པ་དང་མཚོ་དེའི་སྟེང་གླིང་ཕྲན་ཆེ་ཆུང་བཅུ་ཡོད། དེའི་དབྱིབས་གཟུགས་ནི་སྡིག་རའི་དབྱིབས་དང་མཚུངས་པར་གསུངས། གླིང་ཕྲན་དེ་དག་གི་སྟེང་དུ་རྩྭ་ཆུ་ཤིན་ཏུ་འཛོམས་པས་ཡུལ་དེའི་འབྲོག་པ་ཚོས་དབྱར་དུས་སུ་ཕྱུགས་ཟོག་འཚོ་བཞིན་ཡོད།།

མ་ཕམ་གཡུ་མཚོ།
མ་ཕམ་གཡུ་མཚོ་ནི་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་ཤར་དུ་སྤྱི་ལེ ༣༥ ཡི་སར་ཡོད་ཅིང་གཡུ་མཚོ་ཞེས་འབོད་དོན་ནི་མཚོའི་མདོག་ལ་བརྟེན་ནས་བཏགས་པ་ཡིན། མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༡༢ ཡོད་པ་དང་མཚོ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིད ༤༥༨༨ ཡོད། ཆ་སྙོམས་གཏིང་ཚད་ལ་སྨིད ༤༦ དང་གཏིང་ཚད་རིང་ཤོས་སུ་སྨིད ༨༡.༨ ཙམ་ཡོད། མངོན་པ་མཛོད་ལས་དེ་ལས་འབབ་པའི་ཆུ་བོ་བཞི། གངྒཱ་དང་ནི་སིན་དྷུ་དང་། སི་ཏ་དང་ནི་པཀྵུའོ་ཞེས་གསུངས་པ་ལྟར་དེའི་ཕྱོགས་བཞི་ནས་ཆུ་བོ་ཆེན་པོ་བཞི་འབབ་པར་གྲགས་ལ། མཚོ་འདིའི་གཡས་འགྲམ་ན་འཛམ་བུ་ཏྲི་ཥའི་སྡོང་པོ་ཡོད་པ་སོགས་ངོ་མཚར་ཤིན་ཏུ་ཆེ།།
མཚོ་སྔོན་པོ།
མཚོ་ཆེན་ཁྲི་ཤོར་རྒྱལ་མོའམ་མཚོ་སྔོན་པོ་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་ཁུལ་ཏེ་ཟི་ལིང་གྲོང་ཁྱེར་གྱི་ནུབ་བྱང་མཚམས་ཀྱི་སྤྱི་ལེ ༡༥༠ ལྷག་ཙམ་གྱི་སར་གནས་ཡོད། སོག་སྐད་དུ་ཁུ་ཁུ་ནཱོར་དང་གནའ་དུས་རྒྱའི་ཡིག་ཚགས་ནང་ཞི་ཧའེ་ཞེས་བཀོད་འདུག མཚོ་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༤༣༣༧.༤༨ ཙམ་ཡོད་ཅིང་མཚོ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨིད ༣༡༩༠ ལྷག་ཡོད། གཏིང་ཚད་རིང་ཤོས་དེར་སྨིད ༣༢.༨ ཙམ་ཡོད། མཚོ་དེ་ནི་རང་རྒྱལ་སྐམ་སའི་ཐོག་ཏུ་ཡོད་པའི་ཚྭ་མཚོ་ཆེ་ཤོས་ཤིག་ཡིན། མཚོ་དེའི་ཐོག་མཚོ་སྙིང་རི་དང་མཚོ་འགོའི་གླིང་ཕྲན། མཚོ་མཇུག་གི་མཚེར་པ་རི། འདྲེ་མོ་བྲག་དཀར། འདབ་ཆགས་གླིང་བཅས་གླིང་ཕྲན་ལྔ་ཡོད་པ་དང་དེའི་ནང་ནས་མཚོ་སྙིང་རི་བོ་ནི་གླིང་ཕྲན་ཆེ་ཤོས་ཡིན།།