རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-04-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྤུང་སྒང་ཨོ་རྒྱན་རིག་འཛིན་མཁའ་སྤྱོད་གླིང་ནི་འཇོལ་རྫོང་ཡན་མེན་ཤང་འདུ་ལུང་གྲོང་ཚོའི་སྟོད་ཀྱི་ནགས་རི་ཕྱུག་མོའི་འདབས་ན་བརྗིད་ཆགས་པར་གནས་ཡོད་ཅིང་། རྙིང་མའི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡིན་ལ་དགོན་པ་བཙུགས་ནས་ད་ལྟའི་བར་དུ་མི་ལོ700ཉེ་བའི་ལོ་རྒྱུས་ལྡན་ཡོད།
དགོན་པའི་ལྗོངས་རྣམ་ཧྲིལ་བོ།
ང་ཚོ་གཡུ་འབྲུག་དགོན་པར་བཅར་འདྲིར་བསྐྱོད་ནས་ཚུར་ལོག་པའི་ཉག་ག་ཞིག་ནས་ཕར་ཁའི་གདོད་མའི་ནགས་ཀླུང་གིས་ཡོངས་སུ་བསྐོར་བའི་འདབས་རོལ་ན་སྤུང་སྒང་དགོན་པ་དེ་ཉིད་བརྗིད་ཆགས་སེར་མཐོང་བྱེད་མིག་གི་ལྟད་མོར་མངོན་ཡོང་བ་དང་། དེ་ནི་ང་ཚོ་ད་ལྟ་དངོས་སུ་བཅར་འདྲིར་བསྐྱོད་ཡུལ་དེ་ཡིན། གཟར་ཞིང་ཀྱག་ཀྱོག་ཆེ་བའི་རྫ་རིའི་འཕྲང་ལམ་རེ་རེ་བརྒྱུད་ནས་ཞབས་ཀྱི་རྫ་ཆུའི་འགྲམ་རྒྱུད་དུ་ལོག་རྗེས་ཡང་བསྐྱར་གཞུང་ལམ་དེད་ནས་འདུ་ལུང་གྲོང་ཚོའི་ཕྱོགས་སུ་བསྐྱོད་དགོས་པ་དང་། སྦྲུལ་ནག་བརྐྱངས་འདྲིའི་གཞུང་ལམ་འདི་དེད་ནས་རི་མགོའི་ཕྱོགས་སུ་ཆུ་ཚོད་གཅིག་གི་ལམ་ཐག་བརྒྱུད་ན་ད་གཟོད་གཞི་ནས་སྤུང་སྒང་དགོན་པར་སླེབས་ཐུབ། ཏག་ཏག་ཟླ་གསུམ་པའི་ཟླ་མགོ་ནི་ཡུལ་འདིར་མཚོན་ན་ནས་ཞིང་གི་མྱུ་གུ་འབུས་ནས་སྔོ་ལྗང་སེར་གྱུར་ཡོད་པ་དང་། ཁམ་བུའི་མེ་ཏོག་ཀྱང་རྣམ་པར་བཞད་པའི་དུས་ཚིགས་ལ་འཁེལ་ཡོད་པས་གཡང་ཁྱིམ་དྲོན་མོའི་སྒོ་ཁ་དང་རྣང་ཞིང་གྲུ་བཞིའི་འགྲམ་ན་མེ་ཏོག་གི་ཞལ་ཁ་ཡོངས་སུ་ཕྱེ་ནས་བལྟ་བས་མི་ངོམས་པའི་མཛེས་སྡུག་གི་ཞིང་ཁམས་ཤིག་མ་བཅོས་རང་ཤུགས་ཀྱིས་གྲུབ་འདུག
དགོན་པ་ནས་རྒྱང་ལྟ་བྱེད་དུས་མཐོང་བའི་རྫ་ཆུ།
ཀྱག་ཀྱོག་གི་གཞུང་ལམ་བརྒྱུད་པ་དང་བསྟུན་ནས་ཐུར་ལ་བལྟས་ན་རྫ་ཆུ་སྔོན་མོ་དལ་གྱིས་བཞུར་བའི་སྣང་བརྙན་མཐོང་ཐུབ་པ་དང་། ཡང་སྟོད་ལ་བལྟས་ན་སྲིད་པའི་གངས་རྒན་གྱི་རྩེ་མོར་གངས་ཀྱི་རྡུལ་མང་བརྩེགས་པའི་ཁོར་ཡུག་མཐོང་ཐུབ། དུད་ཁྱིམ་རེ་རེ་ནི་དགོན་པའི་ཉེ་འཁོར་ནས་རྫ་ཆུ་སྔོན་མོའི་འགྲམ་རྒྱུད་བར་དུ་མུ་ཏིག་ས་ལ་གཏོར་བ་བཞིན་དུ་ཆགས་ནས་འཚང་ཁ་མེད་ཅིང་། སུ་ཞིག་གིས་ཆེད་དུ་བཀོད་པ་དང་འདྲ་བའི་རྣམ་པ་འདི་མཐོང་དུས་ཞིང་གྲོང་གི་མཛེས་པ་ནི་འདི་ལྟ་བུ་ཞིག་ལ་ཟེར་བའོ་ཞེས་རང་དབང་མེད་པར་ཡིད་སྨོན་ཤོར་ཡོང་། ལམ་བར་ཞིག་ཏུ་འཕུར་ལྡིང་གར་དུ་རྩེན་པའི་སྐྱ་ཀ་ཁྲ་མོ་དྲུག་གིས་མགྲོན་བསུའི་འབོད་བརྡ་སྒྲོགས་པ་དང་། ང་ཚོས་གྲོང་མི་རེ་འགའ་ལ་དགོན་པར་བསྐྱོད་པའི་ལམ་ཕྱོགས་འདྲི་བཞིན་མུ་མཐུད་ནས་བཅར་འདྲིའི་ལམ་དུ་ཞུགས་པ་ཡིན།
ནགས་རི་སྤུང་སའི་རི་སྒང་ན་ཆགས་པའི་སྤུང་སྒང་དགོན།
དགོན་པའི་ཉེ་འཁོར་ཐོན་དུས། གྲལ་འགྲིག་ཅིང་དཀར་མདོག་དོད་པའི་བདེ་གཤེགས་མཆོད་རྟེན་བརྒྱད་མིག་ལམ་དུ་མངོན་ཡོང་བ་དང་། འདིའི་གཡོན་ཕྱོགས་བརྒྱུད་ནས་ཅུང་ཙམ་བསྐྱོད་པའི་ཚེ་ན་དངོས་སུ་འདུ་ཁང་ཆེན་མོའི་ཐང་ཆེན་དུ་ཐོན་ཐུབ། འདུ་ཁང་དེ་ནི་ཕྱི་གྱང་རྡོ་ལས་བརྩིགས་པའི་འདུ་ཁང་ཆེན་མོ་ཞིག་ཡིན་ལ་ཤིན་ཏུ་རྔམ་བརྗིད་ལྡན་པ་ཞིག་རེད།
དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དངོས་གྲུབ་ལགས།
ང་ཚོ་འདུ་ཁང་གི་སྒོ་ཁར་ཐོན་དུས་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དངོས་གྲུབ་ལགས་ནས་ལག་ལ་དྲི་མེད་དཀར་གཙང་གི་ཁ་བཏགས་བཟུང་ནས་ང་ཚོ་གསར་འགོད་པ་རེ་རེ་ལ་འཚམས་འདྲི་དང་ཁམས་བདེ་ཞུས་ཤིང་།ང་ཚོས་ཀྱང་ཐེངས་འདིར་བཅར་འདྲིའི་ནང་དོན་སྐོར་ཁོང་ལ་གསལ་ཐག་ཆོད་པ་ཞིག་ཞུས་པ་ཡིན། ཁོང་གི་སྣེ་ཁྲིད་འོག་ང་ཚོ་འདུ་ཁང་ནང་དུ་སོང་ནས་རྒྱུས་ལོན་བྱས་པ་ན་འདུ་ཁང་ནང་དུ་སྐུ་རྟེན་སྣ་ཚོགས་བཞེངས་ཡོད་ལ། གཙང་ཞིང་གྲལ་དག་པར་སྣང་། ཀྲུའུ་རེན་གཞོན་པ་ནོར་བུ་དངོས་གྲུབ་ལགས་ཀྱིས་གསུངས་ན། འདུ་ཁང་ཆེན་མོ་བཞེངས་པར་སྲིད་གཞུང་གིས་མ་དངུལ་གྱི་རོགས་སྐྱོར་ཆེན་པོ་གནང་བས་འདི་འདྲའི་བརྗིད་ཉམས་ལྡན་པའི་འདུ་ཁང་ཞིག་ཆགས་ཡོད།
འདུ་ཁང་ནང་གི་ཁང་བརྩེགས་ལྔའི་ཚད་ཟིན་པའི་ཀ་རིང་།
འདུ་ཁང་ནང་གི་བཟོ་ལྟ་ཕུན་སུམ་ཚོགས་ཤིང་ཚོན་གྱི་བཀྲགས་མདངས་གསལ་བའི་གྱན་ཐང་སྣ་ཚོགས་ནི་མཚོ་སྔོན་རེབ་གོང་ནས་ཕེབས་པའི་ལྷ་བཟོ་བས་བཞེངས་པ་ཡིན་ཟེར། ངོ་མཚར་བ་ཞིག་ལ་འདུ་ཁང་ནང་དུ་ཁང་བརྩེགས་ལྔ་ཡི་རིམ་པ་ཐེག་པའི་ཀ་བ་དྲང་ཞིང་སྦོམ་པོ་ནི་བར་རེ་རེ་ན་རྩེ་ལ་ཟུག་ནས་སྔར་འདི་འདྲའི་ཀ་བ་མཐོང་མ་མྱོང་ཞེས་བཤད་ཀྱང་མི་ཆོག་རྒྱུ་ཅི་ཡང་མེད། ཁོང་གི་སྣེ་ཁྲིད་འོག་ང་ཚོ་འདུ་ཁང་ཆེན་མོ་དང་ཐག་མི་རིང་བའི་ས་ན་སྔར་ཁང་བརྩེགས་ཉིས་ཐོག་ཅན་དགོན་རྙིང་གི་གནས་མཆིས་པར་སོང་ནས་རྒྱུས་ལོན་བྱས་ཤིང་། དགོན་རྙིང་གི་ཕྱིའི་གྱང་དང་ནང་གི་ཀ་གདུང་། སྔར་གྱི་རྟེན་རྣམས་ལ་བལྟ་དུས་སྔར་གྱི་དགོན་རྙིང་ནས་ད་ལྟའི་འདུ་ཁང་གི་འཛུགས་སྐྲུན་བར་ལ་བསམ་གྱིས་མི་ཁྱབ་པའི་འགྱུར་ལྡོག་བྱུང་ཡོད་པ་མིག་མཐོང་ལག་ཟིན་དུ་སྣང་། དེ་ནས་ཕྱིར་ཐོན་ཏེ་རི་རྩེའི་ཕྱོགས་སུ་བསྐྱོད་པ་ན་དགོན་པའི་ནང་དུ་ཕྱོགས་ཕན་ཚུན་བསྣོལ་བའི་བགྲོད་ལམ་མང་དུ་མཆིས་ཤིང་། གཡས་གཡོན་གང་བསྐོར་རུང་འདུ་ཁང་དང་གྲྭ་ཤག རི་རྩེའི་སྒྲུབ་ཕུག་བཅས་སུ་འབྱོར་ཐུབ་པས་གྲྭ་བ་དང་དད་ལྡན་མང་ཚོགས། ཡུལ་སྐོར་བ་གང་རུང་ལ་འགྲིམ་འགྲུལ་གྱི་སྟབས་བདེ་བཟོས་འདུག
དགོན་པའི་ལྟག་རྒྱབ་ཀྱི་བྱ་ཁྱུང་གནས།
རིའི་རྩེ་མོ་ནི་སྒྲུབ་གནས་ཡིན་ལ་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བ་དང་རྫ་རིའི་བར་གསེང་ན་གནས་ཁྱད་པར་ཅན་ཡོད་པ་མ་ཟད། རིའི་རྩེ་མོ་ནས་མར་བལྟས་ན་ཁམ་བུའི་མེ་ཏོག་གིས་ཡོངས་སུ་བསྐོར་བའི་དུད་ཁ་རེ་རེ་ནི་མིག་ལམ་དུ་མངོན་ཐུབ་པ་མ་ཟད། རྒྱང་རིང་ན་དལ་གྱིས་བཞུར་བའི་རྫ་ཆུ་སྔོན་མོ་ཡང་འདྲེན་བྱེད་མིག་གི་ལོངས་སྤྱོད་དུ་མངོན་ཡོང་བ་སོགས་དགོན་པ་འདིའི་ངོ་མཚར་སྣོད་བཅུད་ཀྱི་བཀོད་པ་ནི་མ་གླེང་ཐབས་མེད་ཀྱི་བརྗོད་བྱ་ཞིག་ཡིན་ལ་སྙན་ཚིག་གི་བསྟོད་བསྔགས་མི་བྱེད་ཀ་མེད་དུ་གྱུར།
དགོན་འདབས་ཀྱི་ཡུལ་ལྗོངས།
དགོན་པ་གསར་འཛུགས་ཀྱི་བརྒྱུད་རིམ་སྐོར་གྱི་གནས་ཚུལ་བཅར་འདྲི་བྱེད་སྐབས། ཀྲུའུ་རེན་གཞོན་པ་ནོར་བུ་དངོས་གྲུབ་ལགས་ཀྱིས་གསུངས་ན། སྤུང་སྒང་དགོན་པ་ནི་ཐོག་དང་པོ་རྒྱལ་བ་ཀཿཐོག་དགོན་པའི་ལུང་བསྟན་བུ་བཞི་གྲགས་པའི་ནང་གསེང་འབྲུ་ཚ་སྒང་པ་བརྩོན་འགྲུས་བཟང་པོས་སྤྱི་ལོ་1300མ་ཟིན་ཙམ་དུ་བཏབ། དེ་ནས་ཉམས་ཆགས་སུ་སོང་བས་སླར་ཡང་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཁྲི་རབས་གསུམ་པ་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་སྤྱི་ལོ་1700ཙམ་དུ་ཉམས་གསོ་མཛད། དེ་རྗེས་ཀཿཐོག་སི་ཏུ་རིན་པོ་ཆེའི་ཐུགས་བཀོད་བཞིན་དུ་བླ་མ་ཆོས་འཕེལ་གྱིས་གནས་སྤོས་ནས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་གསར་བཞེངས་མཛད་ཀྱང་དུས་འགྱུར་སྐབས་འཐོར་ཞིག་ཏུ་གྱུར།
སྤུང་སྒང་དགོན་རྙིང་གི་འདུ་ཁང་།
དེ་རྗེས་བླ་མ་འགྱུར་མེད་རྡོ་རྗེས་གསར་བཞེངས་མཛད་ཀྱང་ཆ་རྐྱེན་དབུལ་བས་དེ་ཙམ་ཞིག་ལས་མ་ཐོན། དམངས་གཙོ་བཅོས་བསྒྱུར་བྱེད་སྐབས་འདུ་ཁང་1དང་། གྲྭ་ཤག2 གྲྭ་བཙུན་20ལྷག་ཡོད།རིག་གསར་སྐབས་ཉམས་ཡང་1986ལོར་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆོས་ལུགས་ཀྱི་བྱེད་སྒོ་སླར་གསོ་བྱས་ཤིང་། སྐབས་ཐོག་དེར་རྒྱལ་ཁབ་ཀྱིས་སྒོར་ཁྲི་1.04ཡི་རོགས་སྐྱོར་གནང་ནས་བསྐྱར་སྐྲུན་བྱས།
གསར་དུ་བཞེངས་པའི་འདུ་ཁང་ཆེན་མོ།
སླར་སྤྱི་ལོ་2012ལོའི་ཟླ3པའི་ཚེས15ཉིན་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་དང་འགོ་ཁྲིད་རྣམ་པའི་གནང་སྦྱིན་རོགས་སྐྱོར་འོག་ནས་སྤྲུལ་ཕུར་པ་རྡོ་རྗེས་ཐུགས་གཉེར་གྱིས་དེང་སང་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་འདིར་ལེགས་པར་གྲུབ་པ་ཡིན་ཞེས་ངོ་སྤྲོད་ཞིབ་ཕྲ་གནང་། ང་ཚོ་ཀྲུའུ་རེན་ནོར་བུ་བསམ་འགྲུབ་ཀྱི་གྲྭ་ཤག་ནང་འབྱོར་དུས། ཤིང་ཁང་ལས་བཟོས་པའི་གྲྭ་ཤག་དེ་གཙང་ཞིང་གྲལ་དག་པ་དང་། འགྲུལ་ཁང་དང་གཟིམ་ཁང་། དཔེ་ཁང་། ཐབ་ཚང་སོགས་གཞི་གཅིག་ཏུ་འཛོམས་ནས་དྲོད་འཇམ་ལྡན་པའི་ འཚོ་བའི་རྣམ་པ་ཞིག་རང་ཤུགས་ཀྱིས་ཚོར་ཐུབ།
ནགས་ཁྲོད་ཀྱི་གྲྭ་ཤག
ད་ལྟ་དགོན་པར་གྲྭ་བ55བཞུགས་ནས་འཆད་ཉན་ཤིན་ཏུ་རྒྱས་པའི་དགོན་སྡེ་ཞིག་ཏུ་ཆགས་ཡོད། ཡན་མེན་ཤང་དགོན་པའི་དོ་དམ་ཅུས་ཀྱི་འགན་འཁུར་བ་བློ་བཟང་ཉི་མས་བཤད་ན། ཉེ་བའི་ལོ་བཅུའི་རིང་ལ་རྒྱལ་ཁབ་ཀྱིས་སྤུང་སྒང་དགོན་པའི་འདུ་ཁང་དང་གྲྭ་ཤག ཆུ་དང་གློག ལམ་བཅས་ཀྱི་འཛུགས་སྐྲུན་ལ་སྔ་ཕྱིར་མ་དངུལ་སྒོར་ཁྲི1000གི་རོགས་སྐྱོར་གནང་ཡོད་ཟེར།
ཆོས་ལུགས་ཆོ་ག་སྤེལ་བའི་རྣམ་པ།
བཅར་འདྲིའི་གོ་རིམ་ཁྲོད་ང་ཚོས་ཀྱང་ད་ལྟའི་དུས་ལ་དགོན་པའི་ལམ་དང་ཆུ། གློག གྲྭ་པའི་བཞུགས་ཤག་དང་བཅས་པ་གང་ཅི་ཐད་ཀྱི་ཆ་རྐྱེན་ལེགས་པོར་གྱུར་ནས་གྲྭ་བཙུན་གྱི་འཚོ་བ་དང་སློབ་སྦྱོང་སོགས་ཕྱོགས་མང་པོར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་མཐོང་། དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་བསམ་འགྲུབ་ལགས་ཀྱིས་བཤད་ན། ཁུལ་དང་རྫོངས་རིམ་པའི་འགོ་ཁྲིད་བཟང་པོའི་འོག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་ཡང་དག་པའི་ལམ་ལ་ལྷག་བསམ་ཟོལ་མེད་དུ་ཞུགས་པ་དང་བྱེད་སྒོ་སྣ་ཚོགས་སྤེལ་དང་སྤེལ་བཞིན་པ་ལགས། སླད་མར་ཡང་ཁུལ་དང་རྫོངས་རིམ་པའི་འགོ་ཁྲིད་རྣམ་པའི་འོག་ཏུ་ང་ཚོ་དགོན་པས་ཀྱང་ཏང་དང་མི་དམངས་ལ་ཞབས་ཞུ་སོགས་གང་ཅི་ཐུབ་བྱེད་ནས་ང་ཚོའི་རྒྱལ་ཁབ་ཡར་རྒྱས་འགྲོ་བའི་བྱ་བ་གང་ལེགས་བསྒྲུབ་རྒྱུའི་བསམ་པ་རྣམ་དག་ཡོད་ཅེས་གསུངས་བྱུང་། དགོན་པའི་ངོས་ནས་ཀྱང་ལོ་རེ་བཞིན་ཤིང་ཕྲུག་500ཉེ་བ་དང་མེ་ཏོག་འདེབས་འཛུགས་སོགས་བྱེད་ཀྱི་ཡོད་པ་དང་གྲྭ་བ་ཡོངས་ཀྱིས་ཁོར་ཡུག་གཙང་སྦྲ་དང་སྲུང་སྐྱོང་བཅས་ལ་འབད་འབུང་ལྷོད་མེད་དུ་གནང་བཞིན་ཡོད།
ཤང་སྲིད་གཞུང་གི་ལས་བྱེད་མི་སྣས་དགོན་པའི་ནགས་ནང་དུ་མེ་སྐྱོན་སེལ་བའི་བརྟག་དཔྱད་བྱེད་པ།