རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ད་ལོའི་ལྔ་གཅིག་གུང་གསེང་རིང་མི་མེད་གནམ་གྲུ་ཞིག་གིས་རི་མགོ་ཐམས་ཅད་སྟག་མའི་མེ་ཏོག་གིས་བཀངས་པའི་བརྙན་རིས་ཞིག་ཕབ་བསྐྲུན་བྱས་ཡོད་པ་དེ་སྐད་འཕྲིན་དང་འཁྱུག་དབྱིངས་སོགས་ཀྱི་ཚོམས་སུ་བརྒྱུད་བསྐུར་བྱེད་མཁན་མང་ཞིང་། ཚོན་མདངས་རྣམ་པར་བཀྲ་ལ་མིག་གི་དང་བ་འདྲེན་པའི་ཡུལ་ལྗོངས་དེ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་སུ་སྤྱི་ལེ30ལྷག་སོང་བའི་རུལ་སྐམ་ལ་ཁའི་ཉེ་འཁོར་ན་གནས་ཡོད།
དེ་ཡང་ཟླ་ལྔ་བའི་ནང་གི་སེམས་ཀྱི་ཉི་ཟླའི་ནམ་ཟླ་དྲོད་དུ་ཕྱིན་པ་དང་བསྟུན་ནས་རུལ་སྐམ་ལ་ཁར་སྟག་མའི་མེ་ཏོག་རྣམ་པར་བཞད་པའི་དུས་ལ་སླེབས་པ་དང་། རི་མགོ་ཐམས་ཅད་སྟག་མའི་མེ་ཏོག་གིས་བཀང་ནས་མེ་ཏོག་གི་འཇིག་རྟེན་ཞིག་གྲུབ་འདུག ཉེ་བའི་ཉིན་ཤས་རིང་། རུལ་སྐམ་ལ་ཁའི་གཞུང་ལམ་གཡས་གཡོན་དུ་སྒེར་འཁོར་གྱིས་བཀང་བ་དང་། མེ་ཏོག་གི་མཛེས་སྡུག་ལ་ཆགས་པའི་ཕྱོགས་བཞིའི་ལྟད་མོ་བ་ནི་རི་འདབས་ནས་རི་སྟེང་བར་དུ་ཐོན་འདུག ལྷག་པར་གཟའ་མཇུག་གི་དུས་ཚོད་ནང་ཁྱིམ་བདག་ཚོས་བྱིས་པ་ཁྲིད་ནས་ལྟད་མོ་ཡོང་མཁན་ལྷག་ཏུ་མང་ལ། ཡང་རི་རྐེད་གང་རུང་དུ་མཚམས་རེར་ཡུལ་ལྗོངས་ལ་ལྟད་མོ་བལྟ་བ་དང་། ཡང་མཚམས་རེར་ངལ་གསོས་ནས་ཟ་མ་ཟ་མཁན་ཡང་མང་པོ་འདུག རང་ས་གནས་ཀྱི་ལྟད་མོ་བ་ལས་ད་དུང་ས་དམ་དང་ཏཱ་ལི་ས་ཆ་ནས་ཐོན་པའི་ཡུལ་སྐོར་བའང་མང་པོ་འདུག
མེ་ཏོག་གི་འཇིག་རྟེན་ཀློང་ནས་རང་བྱུང་ཁམས་ཀྱི་བྲོ་བ་ནི་འདི་ལྟ་བུ་ཞིག་ལོས་ཡིན་སྙམ་པའི་སེམས་བྱུང་ཞིག་ཀྱང་ངང་གིས་སྐྱེས་ཡོང་ལ། སྔོ་ཞིང་བསངས་པའི་ནམ་མཁའི་འོག་ན་ཕྱོགས་བཞི་ཐམས་ཅད་སྔོ་ལྗང་གི་ནགས་ཚལ་གྱིས་ཡོངས་སུ་ཁེངས་ཤིང་། ཡང་ནགས་ཚལ་གྱི་བར་གསེང་ན་སྟག་མའི་མེ་ཏོག་ཁྲ་ཆིལ་ལེར་བཞད་ནས་ཚོན་མདངས་རྣམ་པར་བཀྲ་བའི་རི་མོ་ཞིག་བཤམས་ཡོད་པ་དང་འདྲ། རྒྱང་རིང་དུ་བལྟས་ན་གངས་རིའི་མུ་ཁྱུད་ཀྱི་རྩེ་མོ་དགུང་ལ་ཟུག་པའི་སྣང་བརྙན་མཐོང་ཐུབ་ཅིང་། ནགས་འདབས་ན་མུ་ཏིག་བསྟར་ལ་བརྒྱུས་འདྲའི་དུད་ཁྱིམ་འགའ་རེ་ཡོད་པའང་མཐོང་ཐུབ། དྲོད་འཇམ་གྱི་ཉི་འོད་མདུན་དུ་བསུ་བཞིན་ལམ་དུ་ཆས་པ་ན། ནགས་གསེང་ན་ཉམས་དགའི་འབྲོག་ར་ཞིག་མཆིས་ཤིང་། དེའི་མཐའ་འཁོར་ན་ལྷང་ལྷུང་ཆུ་ཕྲན་གཙང་མས་སྙན་པའི་གླུ་སྒྲ་སྒྲོག་ཅིང་། རྟ་ནོར་ལུག་གསུམ་ཡང་བག་ཡེངས་ཀྱིས་འཚོ་ཞིང་རྒྱུ། མི་འགའ་རེས་སྟག་མའི་མེ་ཏོག་གི་འགྲམ་ན་རང་ཉིད་པར་དུ་བསྐྱོན་པ་དང་། ཡང་ལ་ལས་ཡུལ་ལྗོངས་པར་དུ་བསྐྱོན་པ་སོགས་མི་རྣམས་ནི་མཛེས་སྡུག་གི་ཁོར་ཡུག་ཁྲོད་ན་དགའ་ཞིང་སྤྲོ་བས་བརྟས། ཡང་ལ་ལ་ནི་རྐང་ལམ་ཕྲ་མོ་དེད་ནས་རི་མགོའི་ཕྱོགས་སུ་གོམ་བགྲོད་བྱེད་མཁན་ཡང་ཡོད་པས་དབྱར་གྱི་དུས་ཚིགས་སུ་མཐོ་སྒང་གི་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་རྣམ་པ་འདི་ཇི་འདྲའི་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད་ཨང་།