རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-05-18   རྩོམ་ཁུངས།    ཁམས་པའི་དྲ་བ།
ཨར་ལས་མི་སྣས་ཕུག་ལམ་ཕུག་ཐུབ་རྗེས་རྟེན་འབྲེལ་ཞུ་བཞིན་པའི་ཚུལ།
སྤྱི་ཟླ5པའི་ཚེས14ཉིན་གྱི་ཐོ་རེངས་སུ་འབར་གཏོར་གྱི་སྒྲ་གྲགས་པ་དང་ཆབས་ཅིག་སི་ཁྲོན་འགྲིམ་འགྲུལ་འཛུགས་སྐྲུན་སྤྱི་གཉེར་ཁང་གིས་སྐྲུན་འགན་འཁུར་བའི་གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོའི་ལམ་མཚམས་ཏེ་ཕག་མོ་རིའི་ཕུག་ལམ་དང་པོའི་གསེག་དུང་དང་། ར་རྔ་ཁའི་ཕྱོགས་སུ་བསྲིངས་པའི་གཡས་ཕྱོགས་ཀྱི་ཡན་ལག་ཕུག་ལམ་ཐོད་གཏུགས་ནས་ཕུག་ཐུབ་ཡོད། ད་ཐེངས་ཕུག་པའི་ཕག་མོ་རིའི་ཕུག་ལམ་དང་པོའི་གསེག་དུང་དང་གཡས་ཕྱོགས་ཀྱི་ཡན་ལག་ཕུག་ལམ་དེ་དར་མདོ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་རི་ཁུལ་དང་ཤར་རྒྱུད་གཤོང་སའི་ནུབ་རྒྱུད་རི་ཁུལ་གྱི་འབྲེལ་ཁུལ་དུ་གནས་པའི་གངས་རིའི་བར་རྒྱུད་དེ(རྒྱུ་ལ)རུ་ས་འོག་ཏུ་ཟུག་པའི་གཏིང་ཚད་ཆེ་ཤོས་སྨི1250ཡིན་ལ། དེSདབྱིབས་ཀྱི་ཕུག་ལམ་རིང་ཤོས་སུ་གཏོགས་ཤིང་། དེའི་རིང་ཚད་ཧྲིལ་པོར་སྤྱི་ལེ8.865ཡོད་པ་དང་།དེའི་འཛུལ་སྒོ་དང་ཐོན་སྒོའི་མཐོ་ཚད་ཧེ་བག་སྨི220ཙམ་ཡོད་པ་དེ་ནི་འཛམ་གླིང་ཡོངས་ཀྱི་འཛུལ་སྒོ་དང་ཐོན་སྒོའི་མཐོ་ཚད་ཧེ་བག་ཆེ་ཤོས་ཀྱི་ཕུག་ལམ་ཞིག་ཡིན། གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོའི་ལམ་མཚམས་ལས་གཞིའི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་བརྒྱ་ཆ92.95ལ་ཟིན་པ་དེ་ནི་ད་སྔར་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་མཐོ་ཤོས་དང་ཨར་ལས་བྱེད་ཁག་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་གྲས་ཤིག་ཡིན།
ཨར་ལས་བྱེད་སྐབས་རྟག་ཏུ་བྲག་རྡོ་འབར་གས་དང་ས་ངོས་ཀྱི་འཐེན་ཤུགས་ཆེ་བ། གྱེན་ངོས་ལ་ལྡོག་པའི་ཆུ་ཤུགས་ཆེ་བ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། ཉིན་རེར་ཆུ་འཕྱུར་འབོར་སྨི་རྒྱ་དཔངས་གྲུ་བཞི་མ12500ལ་ཟིན་པ་དེ་ཧ་ལམ་ཆུ་རྐྱལ་ཚད་གཞི་ཅན་གྱི་རྫིང་བུ7གྱི་ནང་དུ་དུས་མཉམ་དུ་ཆུ་བླུག་པ་དང་མཚུངས། ལས་གཞི་པུའུ་ཡིས་སྔ་ནས་ཇུས་འགོད་བྱས་ནས་ཨར་ལས་ཇུས་གཞི་ལེགས་སུ་བཏང་བར་བརྒྱུད་བྲག་རྡོ་འབར་གས་དང་སའི་འཐེན་ཤུགས་ཆེ་བའི་ས་ཁོངས་སུ་ཨར་ལས་བྱེད་པའི་དཀའ་གནད་བསལ་ཡོད། དར་མདོ་ནས་ར་རྔ་ཁ་བར་གྱིK1-1ལས་གཞིའི་ཧྲུའུ་ཅི་སུན་ལི་མིན་གྱིས་ཕག་མོ་རིའི་ཕུག་ལམ་དང་པོའི་གསེག་དུང་ལས་ཡུལ་དུ་གཙོ་བོ་གསེག་དུང་སྨི1258དྲུས་ཟིན་པ་དང་། གཡོན་གྱི་གཙོ་ལམ་སྨི2000དང་གཡས་གཙོ་ལམ་སྨི2190བརྐོས་ཡོད། ཨར་ལས་བརྒྱུད་རིམ་ཁྲོད་ཕུག་ལམ་དེ་ཆད་རིམF5བརྒལ་བ་སོགས་ས་གཤིས་རྙོག་འཛིང་ཆེ་བའི་གནས་ཚུལ་ཁྱད་བསད་བྱས་ཡོད། མྱུར་བགྲོད་གཞུང་ལམ་གཞན་དག་དང་བསྡུར་ན། གཡག་ཡེ་མྱུར་བགྲོད་གཞུང་ལམ་དར་མདོའི་ལམ་མཚམས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ཚད་བརྒལ་བདུན་དང་། མཐོ་བ་གསུམ། ཆེ་བ་གཉིས་བཅས་ཀྱི་ཚོད་འཛིན་ཐེབས་ཡོད། ཚད་བརྒལ་བདུན་ནི་ཐིག་དབྱིབས་རྙོག་འཛིང་ཆེ་བ་དང་ཁ་འཁོར་ཕྱོགས་ཆེ་བ་དང་། མཚོ་འཕགས་ཀྱི་ཧེ་བག་ཆེ་བ། གནས་འཛོལ་ཆེ་བ། གས་ཚད་ཆེ་བ། ཆེས་རིང་བའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་འདུ་ས། བྲག་རྡོ་གས་གྲངས་མང་བ་བཅས་སོ།། མཐོ་བ་གསུམ་ནི་མཚོ་འཕགས་མཐོ་བ་དང་གྲང་ངར་ཆེ་བ། ས་གཤིས་འཐེན་ཤུགས་ཆེ་བ་བཅས་ལ་ཟེར། ཆེ་བ་གཉིས་ནི་བརྒལ་མཚམས་ཧྲིལ་པོ་གྲོང་ཁུལ་བརྒྱུད་པའི་ཨར་སྐྲུན་ལ་ཕྱི་རོལ་གྱི་འགོག་རྐྱེན་ཆེན་པོ་ཡོད་པ་དང་། ཆུ་འཕྱུར་ཚད་མང་ས་བརྒྱུད་ཅིང་ཉིན་རེར་ཆུ་འཕྱུར་འབོར་ཆེ་བ་ལ་ཟེར་བ་རེད་ཅེས་བཤད།
དཀའ་གནད་རབ་དང་རིམ་པའི་མདུན་དུ་ལས་གཞི་པུའུ་ཡིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཆེད་དོན་བྱེད་ཐབས་བཟོས་ནས་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་སྟེ། ཁྱོན་ཡོངས་ནས་ལྟ་སྐུལ་ཚོད་འཛིན་བྱེད་ཚད་ལ་འགན་ལེན་བྱས་ཡོད། ཞིབ་ཚད་མཐོ་བའི་ས་ཚུགས་ཡོངས་ཀྱི་འཕྲུལ་ཆས་དང་། རྩ་གསུམ་སྐུལ་འོད་བཤར་འབེབས་ཡོ་ཆས་སྤྱད་ནས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་ཚོད་འཛིན་བྱས་ཤིང་། གནད་ཁེལ་ཚད་འཇལ་བསྐྱར་ཞིབ་བྱེད་པར་ཁག་ཐེག་བྱས་ཡོད། ལོ་ཕྱེད་ནང་ཕྱོགས་གསུམ་པའི་ཚད་འཇལ་ཚན་པ་ཞིག་གདན་དྲངས་ནས་ཐིག་དབྱིབས་རྙོག་འཛིང་ཆེ་བ་དང་ཁ་འཁོར་ཕྱོགས་ཆེ་བ། མཚོ་འཕགས་ཀྱི་ཧེ་བག་ཆེ་བ། གནས་འཛོལ་ཆེ་བ། གས་ཚད་ཆེ་བ། ཆེས་རིང་བའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་ནང་ཁུལ་གྱི་ཨར་སྐྲུན་གནད་ལ་འཁེལ་མིན་གྱི་གནད་དོན་སེལ་བ་དང་། སྔ་ནས་ས་གཤིས་སྔོན་བརྡ་གཏོང་བར་འགན་ལེན་བྱས་ཡོད། ས་ཡོམ་རླབས་རིང་སྔོན་བརྡ་སྒྲིག་ཆས་དང་གློག་སྡུད་རླབས་ཐུང་སྔོན་བརྡའི་སྒྲིག་ཆས་ཉོས་ཏེ། རིང་ཐུང་ཟུང་འབྲེལ་གྱིས་མདུན་ཕྱོགས་བྲག་རྡོ་ཡི་ས་གཤིས་དང་ཆུ་མང་ཉུང་ལ་སྔོན་ནས་གཏན་འཁེལ་བྱས་པ་དང་། ཨར་ལས་ཀྱི་འགྱུར་ཚུལ་ཇུས་འགོད་ལ་རྒྱུ་ཆ་སྤྲད་ནས་བཟོ་པས་ཉེན་མེད་ཐོན་སྐྱེད་བྱེད་པར་འགན་ལེན་བྱས། རྡོ་འབིགས་རླངས་འཁོར་དཔུང་གསུམ་མ་སྤྱད་དེ་སྔོན་རོལ་གནོན་སྐྱུང་ཁུང་བུ་དང་། ཆུ་གཏོར་བ། བྲག་རྡོ་འབར་གས་འཚུབ་བསྟུན་ཐར་ལམ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ས་མཐོའི་འཐེན་ཤུགས་དང་བྲག་རྡོ་གས་མང་བས་ཨར་ལས་ལ་འགོག་རྐྱེན་བཟོ་བ་ཁྱད་བསད་བྱས་ནས་ལས་ཡུལ་་དང་པོའི་ལས་སྒྲུབ་མི་སྣའི་བདེ་འཇགས་ལ་འགན་ལེན་བྱས་ཡོད་པ་དང་། ཕྱི་རོལ་གྱི་འགལ་རྐྱེན་ཉུང་དུ་གཏོང་བར་འགན་ལེན་བྱས། སྙིགས་རོ་གནས་སྐབས་འཇོག་ས་བཟོ་བ་དང་། འཁོར་རིགས་མཉམ་རུབ་མིང་ཡོང་བ། གྲོང་ཁྱེར་འགྲོ་ལམ་རྒྱུན་གཏན་གཙང་ཕྱགས་དང་སྲུང་སྐྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོང་ཁུལ་གྱི་ཨར་སྐྲུན་ཕྱི་རོལ་འགལ་རྐྱེན་མེད་པར་བཟོས་ཡོད།
ད་སྔའི་བར་དར་མདོ་ནས་ར་རྔ་ཁའི་བར་གྱིK1-1ལས་གཞིར་རིམ་རྩིས་བྱས་ན་ཕུག་ལམ་ལས་གྲྭའི་ལམ་ཐིག་རྐྱང་པ་རྐོ་ཚད་སྨི20149.84ལ་ཟིན་ནས་ལས་གྲྭའི་བསྡོམས་འབོར་གྱི་བརྒྱ་ཆ81.5ལེགས་སྒྲུབ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོའི་ལམ་མཚམས་བསྐྲུན་རྗེས་དར་མདོ་གྲོང་ཁུལ་གྱི་ལམ་མཚམས་སུ་རླངས་འཁོར་ཁག་བགོས་ནས་འགྲོ་སྐྱོད་ཐུབ་ཅིང་། གྲོང་ཁུལ་གྱི་གཙོ་ལམ་འགག་པའི་གནོན་ཤུགས་ཆུང་དུ་བཏང་ནས་ཁོངས་ཡོངས་ཡུལ་སྐོར་འཕེལ་རིམ་ལ་སྐུལ་འདེད་གཏོང་ཐུབ། དེ་དང་ཆབས་ཅིག་ཕྱོགས་མང་སྦྲེལ་བའི་མྱུར་བགྲོད་ལམ་ཆེ་བ་ཞིག་ཡིན་པའི་ངོས་ནས་འཛུགས་བསྐྲུན་གྲུབ་རྗེས་ཁྲོན་བོད་བགྲོད་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དང་འཚུབ་བསྟུན་འགན་ལེན་ནུས་པ་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ཡོད་པ་རེད།།