རྩོམ་པ་པོ།   ཚེ་དོན་གྱིས་བསྒྱུར།  ཡིག་བསྒྱུར།       དུས་ཚོད།   2022-05-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྡོ་རྗེ་ནི་ད་སོ་མ་སློབ་མཐར་ཕྱིན་པའི་སློབ་ཆེན་པ་ཞིག་ཡིན། ཁོ་རང་མཐར་ཕྱིན་པའི་དུས་ཚོད་ནི་ཏག་ཏག་དཔལ་འབྱོར་ཉམས་ཉེས་བྱུང་བའི་དུས་ལ་འཁེལ་ཡོད། ཁོང་གིས་དཀའ་སྡུག་མང་པོ་ཞིག་མྱངས་མཐར་ད་གཟོད་མགྲོན་ཁང་ཆུང་ཆུང་ཞིག་ནས་མཚན་མོར་ལས་རེས་བྱེད་པ་དང་། རྟ་ལ་གཟན་ཆས་སྟེར་རྒྱུའི་ལས་ཀ་ཞིག་རེག་བྱུང་།
དང་ཐོག་ཁོས་ལས་ཀ་འདི་ལ་གཅེས་སྤྲས་དང་དམ་འཛིན་བྱས་ནའང་ཡུན་རིང་མ་འགོར་བར་ཁོ་ལ་སུན་སྣང་སྐྱེས། ཁོས་འདི་ལྟར་འབད་བརྩོན་བྱས་ན་ཡང་སྦྱིན་བདག་གིས་ཁོ་ལ་འཛུམ་ཞིག་ཀྱང་མི་སྟོན་པ་མ་ཟད། ད་དུང་གཟབ་ནན་གྱི་ངང་ནས་རྡོ་རྗེ་ལ། ལས་ཀའི་ཕྱོགས་ལ་ཅིས་ཀྱང་ནན་ཏན་དང་འབད་བརྩོན་བྱེད་དགོས། ངས་ཉིན་མ་རེ་རེར་བརྟག་དཔྱད་བྱེད་ཀྱི་ཡོད་ཅེས་བཤད་བྱུང་། ངར་ཐོག་ན་ཡོད་པའི་ན་གཞོན་ཞིག་གིས་སྐད་ཆ་འདི་འདྲ་ཞིག་སེམས་ཀྱིས་བཟོད་ཐུབ་བམ།
ཟླ་ཕྱེད་ཀྱི་རྗེས་ནས་རྡོ་རྗེས་ཀྱང་ལས་གྲོགས་གཞན་དག་དང་འདྲ་བར་གུང་ཟས་མི་ཞིམ་པ་དང་། ཉིན་མ་རེ་རེར་ཟས་སྣ་གཉིས་ལས་མེད་པས་ཟ་འདོད་ཀྱི་ཡི་ག་མེད་ཚུལ་སོགས་ལེ་བདའ་མང་པོ་ཞིག་བྱས། ཁོས་ད་དུང་ནམ་ཞིག་ཟ་མ་འདི་དག་སྦྱིན་བདག་གི་ངོ་ལ་གཡུགས་ནས་བརྙས་བཅོས་ཞིག་བྱེད་དགོས་པའི་ཁ་ཕོ་ཞིག་ཀྱང་བསྒྲགས། མཚན་ཞིག་གི་དགོང་མོར་རྡོ་རྗེས་ལས་རེས་པ་རྒན་པོ་དཔལ་ལྡན་ལས་ཀའི་སྐོར་གྱི་ཉོག་གཏམ་མང་པོ་ཞིག་བཤད་ཅིང་། དཔལ་འབྱོར་ཉམས་ཉེས་གྱི་གནས་ཚུལ་ཇེ་ལེགས་སུ་སོང་རྗེས་ཁོ་རང་ལས་གནས་འདི་ལས་འབུད་རྒྱུ་ཡིན་ཞེས་བཤད། ཤེས་མེད་ཚོར་མེད་ཀྱི་ངང་ནས་ཁོའི་སྐར་མ་ཉི་ཤུ་ལྷག་ལ་ལེ་བདའ་བྱས་ཤིང་། ད་དུང་རྣ་ལ་མི་སྙན་པའི་སྐད་ཆ་འགའ་ཡང་དབང་མེད་དུ་ཁ་ནས་ཤོར། དེའི་རིང་ལ་རྒན་པོ་དཔལ་ལྡན་གྱིས་སྐྱོ་སྣང་དང་འདང་མི་དཔོག་པའི་རྣམ་འགྱུར་ཞིག་གིས་རྡོ་རྗེ་ལ་བལྟས་ནས་བསྡད། དེའང་རྒན་པོ་དཔལ་ལྡན་ནི་སྔོན་ཆད་བཙོན་དུ་ཚུད་མྱོང་བས་དཀའ་སྡུག་གང་མང་ཞིག་མྱོང་མཁན་ཞིག་ཡིན་པ་དང་། ཁོ་ལ་ད་དུང་གློ་ནད་ཀྱང་བྱུང་ནས་མཚན་དུ་མར་ལུད་རྒྱ་ལངས་དུས་ཡོད་པས་སྤྱིར་ན་ཁོས་འཚོ་བ་ལ་ལེ་བདའ་དང་ལས་ཀའི་ཕྱོགས་ལ་སུན་སྣང་སྐྱེས་ཆོག་ཆོག་ཡིན་ཀྱང་ཉམས་མྱོང་ཚང་མ་ཁོའི་སེམས་ལ་བཟུང་བ་ལས་གང་འདོད་ཀྱིས་ཁ་ནས་ལབ་ཀྱི་མེད།
རེ་ཞིག་རྡོ་རྗེས་ལེ་བདའ་བྱེད་མཚམས་བཞག་པ་ན། རྒན་པོ་དཔལ་ལྡན་གྱིས་རྡོ་རྗེ་ལ་སེམས་གཏམ་སྨྲས་པ་འདི་ལྟར། ཉོན་དང་རྡོ་རྗེ། ཁྱོད་རང་འདི་ལྟར་སུན་སྣང་སྐྱེས་ནས་ལས་ཀ་ལ་ལེ་བདའ་བྱེད་པའི་དགོས་པ་མི་འདུག ཁྱོད་རང་སུན་སྣང་སྐྱེས་དོན་ནི་ཟ་མའི་གནད་དོན་དང་ཡང་ན་སྦྱིན་བདག་གི་གནད་དོན་རྩ་བ་ནས་མ་རེད། ཡང་ན་ལས་ཀའི་གནད་དོན་ཡང་མ་རེད་ཅེས་སེམས་གཏམ་བཤད། རྒན་པོ་ཞིག་གིས་སྐད་ཆ་འདི་འདྲ་བཤད་པར་རྡོ་རྗེ་ཧ་ལས་ཤིང་ཧང་སངས་པ་དང་བསམ་བློ་ཞིག་བཏང་རྗེས། རྒན་པོ་དཔལ་ལྡན་ལ། དེས་ན་ཁྱོད་ཀྱིས་ཤོད་དང་། ང་ལ་སྐྱོན་ཆ་གང་དག་ཡོད་དམ་ཞེས་དྲིས་པ་ན། རྒན་པོས་ཅི་མི་སྙམ་པར་རྡོ་རྗེ་ལ། ཁྱོད་ཀྱིས་ནམ་ཡང་རང་ཉིད་ཀྱིས་དོན་དག་ཅི་ཞིག་ཡིན་རུང་ཧ་གོ་བར་འདོད་འདུག ཡིན་ནའང་དོན་དངོས་ཐོག་ཁྱོད་ཀྱིས་ཕམ་ཁ་ཆུང་ཆུང་ཞིག་དང་དཀའ་ཁག་ངོ་མ་ཟེར་བ་ནི་ཅི་ལྟ་བུ་ཞིག་ཡིན་པའི་ཁྱད་པར་འབྱེད་ཤེས་ཀྱི་མི་འདུག ངས་ཁྱོད་ལ་དྲང་གཏམ་བཤད། གལ་ཏེ་ཁྱོད་རང་རྟ་ཐོག་ནས་ལྷུང་སྟེ་སྐེ་ཚིགས་བཅག་པའམ་ཡང་ན་ལྟོགས་སྐོམ་གྱིས་མནར་བ། ནད་ལྗིད་མོ་ཞིག་གིས་མནར་ནས་ཉིན་ནུབ་ཀྱི་ཁྱད་པར་མི་ཤེས་པ་བྱུང་ན་དེ་ནི་ད་གཟོད་གདོང་གཏོད་མི་ཕོད་པའི་དཀའ་ཁག་ཡིན། འཚོ་བ་ཟེར་བ་ནི་མ་གཞི་ནས་འགལ་འདུས་གྲུབ་པ་ཞིག་ཡིན། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་མི་ཚེ་ཞིག་རྩ་བ་ནས་ཡོང་ཐབས་མེད། ཕམ་ཁ་ཆུང་ཆུང་དང་དཀའ་ཁག་ངོ་མ་གཉིས་ཀྱི་ཁྱད་པར་དང་དབྱེ་བ་འབྱེད་ཤེས་པ་དང་། དོན་དག་ཆུང་ངུ་ལ་འཕྲད་དུས་ཁོང་ཁྲོ་དང་ཞེ་སྡང་མི་ལངས་པར་རང་ཚུགས་ཀྱི་གཤིས་ཀ་ཆགས་པ་ཡིན་ན་ད་གཟོད་ཁྱོད་རང་གཞི་ནས་ནར་སོན་ཞིང་དཀའ་ཁག་ལ་གདོང་གཏོད་ཐུབ་པ་རེད། ལས་གྲོགས་རྡོ་རྗེ་ལགས། མཚན་བདེ་ལེགས་ཟེར་བཞིན་ཕར་བུད་སོང་།
འདི་ནི་རྡོ་རྗེ་ལ་མཚོན་ན་ཤུགས་རྐྱེན་ངེས་ཅན་ཐེབས་པའི་སྐད་ཆ་ཚིག་འགའ་ཡིན་འདུག རྒན་པོ་ཞིག་གིས་ཁོ་རང་ཉིད་ལ་འདི་འདྲའིི་རྒྱུས་ལོན་ཟབ་མོ་ཞིག་གནང་ཡོད་པ་ནི་ཁོའི་སེམས་ལའང་དྲན་མྱོང་མེད། ལོ་མང་པོ་ཞིག་འགོར་རྗེས། ཕྱོགས་གང་ཐད་ལ་གྲུབ་འབྲས་ཕུལ་བྱུང་བླངས་པ་དང་མི་སྣ་གྲགས་ཆེན་ཞིག་ཏུ་གྱུར་བའི་རྡོ་རྗེ་ཡིས་སྐད་ཆ་འདི་དག་སེམས་ཀྱི་གཏིང་ལ་བཟུང་ཡོད་པ་སྟེ། འདི་ནི་ཕམ་ཁ་ཆུང་ཆུང་ཞིག་ཡིན་ནམ་ཡང་ན་གདོང་གཏོད་མི་ནུས་པའི་དཀའ་ཁག་ཆེན་པོ་ཞིག་ཡིན་ནམ།
དོན་དག་ཆུང་ཆུང་ཞིག་གིས་ཀྱང་ཁྱོད་ཀྱི་འཚོ་བ་དང་སེམས་ཁམས་ལ་གནོད་བསྐྱལ་ནས་སེམས་ཁ་ལྷོད་ལ་འབབ་མི་ཐུབ་ན་ཁྱོད་ལ་བདེ་སྐྱིད་ཀྱི་ཉིན་མོ་ཞིག་ཐོབ་རྒྱུ་ཤིན་ཏུ་དཀའ་མོ་ཡིན། ཁྱོད་ཀྱིས་ལས་སླ་མོའི་ངང་ནས་གླང་ཆེན་སྨྱོན་པ་ཞིག་ཚུར་རྒྱུག་ནས་ཡོང་བར་གཞའ་ཐུབ་རུང་། སྦྲང་ནག་ཅིག་འཕུར་ཡོང་ནས་གདོང་ལ་བསྣུན་དུས་གཞའ་ཐུབ་པའི་ངེས་པ་ཅི་ཡང་མེད། དེས་ན་ཁྱོད་ནི་དོན་དག་ཆུང་ངུ་ཞིག་གིས་ཀྱང་མནར་ནུས་པ་ཡིན་ན་ཁྱོད་ཀྱི་དོན་ཆེན་དག་ཀྱང་དོན་དག་ཆུང་ངུས་བརླག་པའི་ཉེན་ཁ་ཤིན་ཏུ་ཆེ།