རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-04   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།
དབྱར་ཟླ་ལྔ་བར་གནམ་གཤིས་ཇེ་དྲོར་གྱུར་ནས་ཆར་ཟམ་ཟིམ་དང་སྨུག་ལང་ལོང་གི་རྣམ་པ་རིམ་གྱིས་མངོན་པའི་དུས་ཚིགས་ཤིག་ཡིན་ཞིང་། དབྱར་ཟླ་མགོ་མ་བསླེབས་རྗེས། འདུ་ལོང་འཁྲིགས་པའི་གྲོང་ཁྱེར་དུ་ཚ་བ་རྒྱས་མགོ་བརྩམས་མོད། འོན་ཀྱང་རྔ་བ་ཁུལ་དུ་བརྗིད་ཆགས་ཀྱི་གངས་རི་དང་སྔོ་ལྟེམས་མེར་འཁྱིལ་བའི་མཚོ་དང་མཚེའུ། ལྷུང་ལྷུང་དལ་གྱིས་འབབ་པའི་གཙང་ཆབ་སྔོན་མོ། ཉམས་དགའ་བའི་སྔོ་ལྗང་གི་རི་ལུང་བཅས་གཞི་གཅིག་ཏུ་འདྲེས་པས་སྣང་ཡུལ་གང་ལ་བལྟས་ཀྱང་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་འགྲོ།
རྔ་བ་ཁུལ་དུ་ལྟ་བས་ཆོག་མི་ཤེས་པའི་རི་ལུང་དང་སྣ་མང་ཕུན་ཚོགས་ཀྱིས་ཕྱུར་བུ་གཏམས་པའི་མི་ཆོས་རིག་གནས། གསོན་ཤུགས་རབ་ཏུ་རྒྱས་པའི་སྐྱེ་དངོས་སྣ་ཚོགས། ཐུན་མིན་ཁྱད་དུ་འཕགས་པའི་ས་གཤིས་དང་མཛེས་ལྗོངས། འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་གནའ་ཤུལ། ད་དུང་འཆམ་མཐུན་མཉམ་གནས་དང་ཡར་རྒྱས་གོང་འཕེལ་འབྱུང་བཞིན་པའི་མི་རིགས་རིག་གནས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།
རྔ་བ་ཁུལ་ལ་འཛམ་གླིང་རང་བྱུང་ཤུལ་བཞག་3དང་། རྒྱལ་ཁབ་ཀྱི་Aལྔ་རིམ་པའི་མཛེས་ལྗོངས་ཁུལ་3དང་། རྒྱལ་ཁབ་ཀྱི་Aབཞི་རིམ་པའི་མཛེས་ལྗོངས་24དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་གྱི་དཔེ་སྟོན་ཁུལ་1དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མཛེས་ལྗོངས་ཁུལ་གྲགས་ཅན་10དང་། ཐེན་ཧྥུའུ་ལྗོངས་སྐོར་དར་བའི་རྫོང་མིང་གྲགས་ཅན་3བཅས་ཡོད། དེ་ལས་གཞན་རྔ་བ་ཁུལ་དུ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་19དང་། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་ལས་ཁུངས་གལ་ཆེན་16ཡོད།
རྔ་བའི་མི་ལ་ལོ་རྒྱུས་ཀྱི་གོ་སྐབས་བཟང་བོ་ཐོབ་ཅིང་། རྔ་བ་ཁུལ་གྱི་ལྗོངས་སྐོར་ལས་སྒྲུབ་པས་ཁུལ་ཡོངས་ཀྱི་མི་དམངས་ལ་གྲུབ་འབྲས་ཡག་པོ་ཕུལ་ཡོད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་བསྐྲུན་མགྱོགས་པོ་དང་། ལྷད་མེད་འཕེལ་རྒྱས་དང་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་འཛུགས་སྐྲུན་སོགས་ལས་ཀ་ཁག་ལ་འཆར་འགོད་གང་ལེགས་བྱས་ནས། རྔ་བ་ཁུལ་གྱི་རིག་གནས་དང་ལྗོངས་སྐོར་ཡར་རྒྱས་གོང་འཕེལ་བཏང་དང་གཏོང་བཞིན་ཡོད།
ད་ལོའི་ལྔ་གཅིག་གི་ངལ་གསོའི་སྐབས་སུ། རང་ཁུལ་གྱི་གསར་བརྗེའི་ལྗོངས་སྐོར་དང་། གྲོང་གསེབ་ལྗོངས་སྐོར། ཕྱི་རོལ་ལུས་རྩལ་གྱི་ལྗོངས་སྐོར། དངོས་མིན་ཤུལ་བཞག་རིག་གནས་དང་སྐྱེ་ཁམས་ལྗོངས་སྐོར། ཁྱད་ལྡན་གྱི་དམངས་སྲོལ་མགྲོན་ཁང་། རོང་འབྲོག་པའི་སྤྲོ་སྐྱིད་གླིང་སོགས་ཀྱིས་ལྗོངས་སྐོར་བ་མང་པོ་སྣེ་ལེན་བྱས་ཤིང་། ཁུལ་ཡོངས་ཀྱིས་བསྡོམས་པའི་ལྗོངས་སྐོར་བ་ཁྲི་64.24སྣེ་ལེན་བྱས་ནས། ལྗོངས་སྐོར་གྱི་ཡོང་འབབ་སྒོར་དུང་5.1ཡོད།
ཝུན་ཁྲོན་རྫོང་དུ་ལྗོངས་སྐོར་བ་མང་པོ་ཡོད་པར་མ་ཟད་རྒྱ་ཁྱོན་ལ་མུའུ་ཁྲི་2.7ཡོད་པའི་སེའུ་དམར་ཕྱིར་འཚོང་གི་དུས་ཚིགས་ཤར་ཡོད། ཝུན་ཁྲོན་རྫོང་གི་སྐྱེལ་འདྲེན་ཚོང་ཁང་མང་བོས་སེའུ་དམར་ཕྱིར་འཚོང་ལ་རོགས་འདེགས་བྱས་ཏེ། ཝུན་ཁྲོན་གྱི་སེའུ་དམར་ནི་དེང་རབས་ཀྱི་མྱུར་སྐྱེལ་བརྒྱུད་ནས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཕྱིར་འཚོང་བྱེད་ཐུབ་པས། ཞིང་བ་རྣམས་ཀྱིས་ཕྱིར་འཚོང་གི་རྣམ་པ་འདི་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད་ཅིང་། རྔ་བ་ཁུལ་དུ་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་དང་མྱུར་སྐྱེལ་ཞབས་ཞུའི་རྣམ་འགྱུར་ལེགས་པའི་རྣམ་པ་ཡག་པོ་ཆགས་ཡོད།
ད་དུང་གཟི་རྩ་སྡེ་དགུར་ཐེངས་དང་པོར་ལྗོངས་སྐོར་དུ་ཡོང་མཁན་རྣམས་ལ་གནས་དེའི་རྒྱུན་རིང་བའི་ལོ་རྒྱུས་དང་། གོམས་སྲོལ་ཡག་པོ། མཛེས་ལྗོངས་བཅས་ཀྱིས་བརྗེད་མི་ཐུབ་པའི་དྲན་པ་བཞག་ཡོད། དེ་བཞིན་དུ་རང་ཁུལ་གྱི་མའོ་རྫོང་དང་ཟུང་ཆུ་རྫོང་སོགས་ཀྱིས་མི་རིགས་ཀྱི་གླུ་གར་དང་། སིལ་ཏོག་གསར་བ་སྡོང་མགོ་ནས་འཐོག་པ། ཕྱི་རོལ་ནས་སྦྲ་གུར་ཕུབ་པ། ཞིབ་འཇུག་དང་ཉམས་ཞིབ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ལྗོངས་སྐོར་བ་དེའི་ནང་ལ་ཞུགས་ཆོག་པར་བྱས་ཡོད། ལིས་རྫོང་གི་རྐུབ་རོ་མགོ་དང་ཐའོ་ཕིང་གི་ཆའང་གྲོང་སོགས་ཀྱི་གྲོང་གསེབ་ལྗོངས་སྐོར་གྱི་མཛེས་ལྗོངས་ཁུལ་དུ་ཆུ་ཚན་དང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ། བོད་རིགས་དང་ཆའང་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་སོགས་ལ་ལྟ་རུ་ཡོང་བའི་ལྗོངས་སྐོར་བ་ཡང་མང་པོ་ཡོད།
ཞིམ་མངར་ཟས་ཀྱི་བྲོ་བ་མྱོང་ཆོག་པར་མ་ཟད། ད་དུང་དམངས་སྲོལ་དང་། རོལ་དབྱངས། ཚན་རྩལ། སྒྱུ་རྩལ་སོགས་ཀྱི་རྣམ་པ་གསར་བ་ཡང་ཉམས་སུ་མྱོང་ཆོག་པས། ལྗོངས་སྐོར་བ་མང་བོ་ཞིག་གིས་གནས་འདིའི་རིག་གནས་དང་ལྗོངས་སྐོར་གྱི་མཛེས་སྡུག་ལོངས་སུ་སྤྱད་ཆོག
ཐོན་ལས་གསུམ་པ་ནི་དཔལ་འབྱོར་འཕེལ་རྒྱས་གང་ལེགས་གཏོང་བའི་གནད་འགག་ཡིན་ཏེ། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་ཐོན་ལས་ཀྱི་སྒྲིག་གཞིའི་བསྡུར་གྲངས་ཐེངས་གསུམ་ནི་2016ལོར་15.7:47.2:37.1ཏུ་སྙོམས་སྒྲིག་བྱས་ཏེ། ཐོན་ལས་ཀྱི་སྒྲིག་གཞི་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད།
འདི་ལྟར་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་ཅིང་། མ་འོངས་པར་རྔ་བ་ཁུལ་གྱིས་ངེས་པར་དུ་འགན་འཁྲི་ནན་མོ་འཁུར་བ་དང་སྟོབས་ཤུགས་ཆེན་པོ་བཏོན་ནས་མུ་མཐུད་དུ་མདུན་ལ་བསྐྱོད་དགོས།
མདོར་ན་ལོ་ངོ་ལྔའི་རིང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་བ་ཐོབ་ཡོད་ལ། མི་རབས་རེ་རེའི་རྔ་བའི་བུ་དང་བུ་མོ་རྣམས་ཀྱིས་འབད་བརྩོད་ལྷོད་མེད་བྱས་ནས། ཁུལ་བརྟན་བརླིང་དང་དར་རྒྱས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་ཇེ་རྒྱས་དུ་བཏང་སྟེ་གྲུབ་འབྲས་མི་དམན་པ་བླངས་ཡོད། ང་ཚོས་མ་འོངས་པར་ཡིད་ཆེས་བཅང་དགོས་ཏེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྔ་བ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཡིད་ལ་བཟུང་ནས། རེ་བ་དང་འགྲོགས་ཏེ་རྔ་བའི་འཆམ་མཐུན་དང་དར་རྒྱས་ཀྱི་རྣམ་པ་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས་སོ།།