མཚོ་བོད་མཐོ་སྒང་དུ་འཛམ་གླིང་གི་མེ་ཏོག་“མགྱོཊ་ཤོས་”དེ་རྙེད་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-13   རྩོམ་ཁུངས།    中国藏语广播CNR

        སྲོག་ཆགས་དང་བསྡུར་ན་རྩི་ཤིང་ནི་གཏན་འཇགས་འགུལ་མེད་རྣམ་པར་ཡོད་ཅིང་། རང་འགུལ་གྱིས་འགུལ་སྐྱོད་དང་བྱ་སྤྱོད་ཡོད་པ་ཧ་ཅང་ཉུང་། ཚང་མས་ཤེས་གསལ་ལྟར། སྔོ་རེག་སྐུམ་ནི་ལོ་མར་ཕྱི་ཤུགས་ཀྱིས་ཐུག་རེག་བྱུང་ཚེ་མྱུར་དུ་ཁ་ཟུམ་པའི་རྐྱེན་གྱིས་མིང་གྲགས་ཆེ་བ་དང་། རྩི་ཤིང་ལ་དགའ་མཁན་ཚོས་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་ངོ་མཚར་བའི་རང་བྱུང་ཁམས་སུ་སྔོ་རེག་སྐུམ་ཁོ་ན་ཙམ་མ་ཡིན་པར། ད་དུང་“མེ་ཏོག་རེག་སྐུམ་“ཡང་ཡོད། མེ་ཏོག་གི་འདབ་མ་འགུལ་སྐྱོད་བྱེད་ཐུབ་པ་མ་ཟད་ད་དུང་འགྲོས་ཚད་ཤིན་ཏུ་མགྱོགས་པས་བློ་ཡུལ་ལས་འདས་པ་ཞིག་ཡིན།

        ཀྲུང་གོ་ཚན་རིག་གླིང་ཝུའུ་ཧན་རྩི་ཤིང་སྐྱེད་ཚལ་གྱིས་རྩ་འཛུགས་བྱས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཆུ་སྐྱེས་རྩི་ཤིང་གི་ཆེད་དོན་བརྟག་དཔྱད་ཁྲོད། ཧུའུ་པེ་སློབ་ཆེན་དང་ཝུའུ་ཧན་སློབ་ཆེན། བོད་ལྗོངས་སློབ་ཆེན་བཅས་དང་། དེ་བཞིན་ཝུའུ་ཧན་རྩི་ཤིང་སྐྱེད་ཚལ་གྱི་ཞིབ་འཇུག་ཚོགས་པས་ཐེངས་དང་པོར་མཚོ་བོད་མཐོ་སྒང་དུ་སྐྱེས་པའི་“མེ་ཏོག་རེག་སྐུམ་”གསར་རྙེད་བྱུང་བ་རེད།
        ཚན་རིག་པས་ཤེས་རྟོགས་བྱུང་བར། སྤང་རྒྱན་སྡེའི་སྤང་རྒྱན་རིགས་ཀྱི་དངོས་རིགས་བཞིའི་མེ་ཏོག་གི་ཟེ་སྒྲོར་འགྱུར་མེད་ཀྱི་རེག་ཐུག་བྱས་རྗེས། སྐར་ཆ་7ནས་སྐར་ཆ་210བར་གྱི་དུས་ཚོད་ཁྱབ་ཁོངས་ནང་མགྱོགས་མྱུར་ངང་སྐུམ་སྟེ། ཚགས་དམ་པའི་མེ་ཏོག་གང་བུའི་རྣམ་པར་འགྱུར་བ་དང་། མེ་ཏོག་ཟེ་སྒྲོ་ཁ་ཟུམ་རྗེས་ཡང་བསྐྱར་ཁ་འབྱེད་པའི་ནུས་པ་ལྡན་ཞིང་། བརྒྱུད་རིམ་དེར་གནམ་གཤིས་དྭངས་བའི་སྐབས་སུ་ཕལ་ཆེར་སྐར་མ་20ཙམ་དགོས་ཀྱི་ཡོད། གལ་ཏེ་ཡང་བསྐྱར་རེག་ཐུག་བྱས་ཚེ། མེ་ཏོག་ཟེ་སྒྲོ་སླར་ཡང་ཁ་ཟུམ་པ་དང་དེ་ནས་སླར་ཡང་ཁ་འབྱེད་ཀྱི་ཡོད། དེ་ལྟར་ཡང་ཡང་བྱས་ཀྱང་འགྱུར་བ་གཞན་མེད།
        ཟིན་ཐོར་བཀོད་པའི་འབུ་བཟའ་སྐྱེ་དངོས་ཀྱི་ཁྱད་འགྱུར་ལོ་ལེབ་ཀྱི་འགུལ་སྐྱོད་ཧའོ་སྐར་ཆའི་ནང་བྱུང་བ་ཡིན་ནའང་། འདབ་མའི་འགུལ་སྐྱོད་ཕྱོགས་ནས་ད་སྔའི་བར་དུ་ལྗར་པན་དུ་སྐྱེས་པའི་སྔོ་རྟག་ཏུ་ངུའི་རྒྱུད་ཀྱི་རྩི་ཤིང་གི་མེ་ཏོག་ལ་འགྱུར་མེད་རེག་ཐུག་བྱས་རྗེས་སྐར་མ་ཁ་ཤས་ནང་འཁུམ་སྐུམ་གྱི་བྱ་སྤྱོད་གནས་པ་དང་། ཆུ་ཚོད་འགའི་རྗེས་སུ་ཡོངས་སུ་ཁ་ཟུམ་པ་ཡིན། དེ་དང་བསྡུར་ན་ཐེངས་འདིར་གསར་རྙེད་བྱུང་བའི་ཆུ་སྐྱེས་སྤང་རྒྱན་རྫུན་མར་མཚོན་ན་དེའི་མེ་ཏོག་ཁ་དོག་རིགས་གཉིས་ལས་ཚོགས་གནས་བརྒྱད་ཀྱི་ཆ་སྙོམས་ཁ་ཟུམ་དུས་ཚོད་ནི་སྐར་ཆ་29ཡིན་ཞིང་། ཁ་ཟུམ་དུས་ཚོད་ཐུང་ཤོས་སྐར་ཆ་7ཡིན། དེར་བརྟེན་དེ་ནི་འཛམ་གླིང་སྟེང་གི་ཁ་ཟུམ་འགྲོས་ཚད་ཆེས་མགྱོགས་པའི་མེ་ཏོག་ཏུ་བརྗོད་ཆོག
        མཚོ་བོད་མཐོ་སྒང་གི་རྩྭ་རིགས་སྐྱེ་དངོས་ཁྲོད་དུ། སྤང་རྒྱན་སྡེའི་སྤང་རྒྱན་རིགས་ཀྱི་རྩི་ཤིང་ནི་མཐོ་སྒང་གི་ཆེས་མཛེས་པའི་དངོས་རིགས་ཤིག་ཡིན་ཐག་ཆོད་ཡིན། སྤང་རྒྱན་རིགས་ནི་འཛམ་གླིང་རང་བཞིན་ཕལ་པའི་དྲོད་ཁུལ་རིགས་ཤིག་ཡིན་ཞིང་། སྤང་རྒྱན་སྡེའི་ཆེས་ཕུན་སུམ་ཚོགས་པའི་དངོས་རིགས་ཤིག་ཡིན་ལ། གོ་ལ་ཧྲིལ་པོར་ཕལ་ཆེར་རིགས་400ཙམ་ཡོད། མཚོ་བོད་མཐོ་སྒང་དུ་སྤང་རྒྱན་རིགས་ཀྱི་རྩི་ཤིང་རིགས་100ལྷག་ཡོད་པ་དང་། ཀྲུང་གོའི་སྤང་རྒྱན་རིགས་ཀྱི་རྩི་ཤིང་ཕྱེད་ཀ་ཙམ་འདི་ནས་རྙེད་པ་རེད།
        མཚོ་བོད་མཐོ་སྒང་གི་སྤང་རྒྱན་ཁྱིམ་རྒྱུད་ཁྲོད་སྤང་རྒྱན་ཁྱུ་ཚོགས་འདི་འདྲ་ཞིག་ཡོད་དེ། ཁོ་ཚོ་མཐོ་སྒང་དུ་གཟེངས་སུ་ཐོན་པ་མིན་ན་ཡང་། ཉེ་བའི་ལོ་ཤས་རིང་རིམ་གྱིས་སྐྱེ་དངོས་རིག་པ་བའི་མཐོང་ལམ་དུ་བུད་ཅིང་། ཚན་རིག་པ་རྣམས་ཀྱི་ཞིབ་འཇུག་བྱེད་ཡུལ་གཙོ་བོ་ཞིག་ཏུ་ཆགས་ཡོད། སྤང་རྒྱན་ཚོགས་དེའི་མེ་ཏོག་ལ་རེག་ཐུག་བྱས་རྗེས་“བྲོ་འཁྲབ་པའི་”ཁྱད་གཤིས་ལྡན་པས། མི་འགྱངས་བར་མཛེས་སྡུག་ཉམས་དགའ་བའི་སྒོ་ནས་མཚོ་བོད་མཐོ་སྒང་གི་རྩི་ཤིང་མིང་གྲགས་ཅན་ཞིག་ཏུ་འགྱུར་སྲིད། དེ་དག་ནི་སྤང་རྒྱན་རིགས་ཁྲོད་ཀྱི་བྲོ་གར་ལྷ་མོ་སྟེ་ཆུ་སྐྱེས་སྤང་རྒྱན་རྫུན་མ་རེད། དེའི་མེ་ཏོག་ནི་སྔོ་རེག་སྐུམ་དང་འདྲ་བར་ཕྱི་རོལ་ནས་རེག་ཐུག་བྱུང་རྗེས་མྱུར་དུ་འཁུམ་གྱི་ཡོད། དེའི་ཕྱིར་མིང་གཞན་ལ་མཚོ་བོད་མཐོ་སྒང་གི་“མེ་ཏོག་རེག་སྐུམ་”ཞེས་ཀྱང་ཟེར།
        ཆུ་སྐྱེས་སྤང་རྒྱན་རྫུན་མ་ཡི་འདབ་མའི་རེག་ཚོར་ཁ་ཟུམ་སྣང་ཚུལ་ལ་སྐྱེ་དངོས་རིག་པའི་ཁྲོད་དུ་མེ་ཏོག་འདབ་མའི་འགུལ་སྐྱོད་སྣང་ཚུལ་ཟེར་ཞིང་། འདབ་མའི་འགུལ་སྐྱོད་ནི་རྩི་ཤིང་འཕྲོད་མཐུན་རང་བཞིན་འཕེལ་འགྱུར་བྱུང་བའི་མཇུག་འབྲས་ཡིན། རྩི་ཤིང་གི་འདབ་མ་འགུལ་སྐྱོད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་རང་ཉིད་སྲུང་སྐྱོང་བྱས་ནས། རང་ཉིད་ཀྱི་འཚོ་གནས་དང་སྐྱེ་འཕེལ་གྱི་ལས་འགན་འགྲུབ་ཆེད་ཡིན། གལ་ཏེ་ཆུ་སྐྱེས་སྤང་རྒྱན་རྫུན་མའི་“བྲོ་གར་”དེར་རོལ་མོ་ཞིག་དཀྲོལ་རྒྱུ་བྱུང་ན། དེ་ནི་ཚེ་སྲོག་གི་བསྟོད་གླུ་ཞིག་ཡིན་ངེས་ལ། མེ་ཏོག་ལ་འཁོར་བའི་འབུ་སྦྲང་རྣམས་ནི་རོལ་དབྱངས་ཚན་པ་དེའི་དཀྲོལ་གཏོང་མཁན་ཡིན་ངེས།