རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-29   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
སྤྱི་ཟླ་6པའི་ཚེས་18ཉིན། འཛམ་གླིང་ཐོག་ཇོ་རིར་འཛེགས་པའི་བརྒྱུད་རིམ་ཧྲིལ་པོ་བཀོད་པའི་དངོས་བཤུས་གློག་བརྙན་ཐོག་མ་《ཇོ་མོ་གླང་མའི་རུ་དཔོན》ཁྲེན་ཏུའུ་རུ་བསྟན་པ་དང་། སྤྱི་ཟླ་7པའི་ཚེས་2ཉིན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་བསྟན་རྒྱུ་ཡིན་པ་རེད།
ཐེངས་འདིའི་གློག་བརྙན་སྟོན་ཐེངས་ཐོག་མའི་བྱེད་སྒོར་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེ་དང་། རི་མོ་མཁས་ཅན། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རྩལ་མཁས་ཅན་ཆིའུ་ཞའོ་ཆིའུ། རོལ་དབྱངས་མཁས་ཅན་གཡུང་དྲུང་རྒྱལ། ཧྭ་ཞི་གྲོང་ཁྱེར་ཚགས་པར་གྱི་དབུ་བཞུགས་གསར་འགོད་པ་ལིའུ་ཅན། སི་ཁྲོན་གློག་བརྙན་བརྙན་འཕྲིན་སློབ་གླིང་གི་སློབ་སྤྱི་ལུའོ་ཀོང་ཧོ་སོགས་ཞུགས་ཡོད་པ་རེད།
《ཇོ་མོ་གླང་མའི་རུ་དཔོན》ནི་ཀྲུང་གོའི་ཇོ་མོ་གླང་མར་འཛེགས་པའི་བརྒྱུད་རིམ་ཧྲིལ་པོ་དངོས་བཤུས་ཕབ་བསྐྲུན་བྱས་པའི་གློག་བརྙན་ཐོག་མ་དེ་ཡིན་ཞིང་། འདིའི་ནང་རྔ་བ་ཁུལ་ཁྲོ་ཆུ་རྫོང་ནས་ཡོང་བའི་ན་གཞོན་སྐོར་ཞིག་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལས་རིགས་སྣ་ཚོགས་ནས་ཡོང་བའི་མི་སྣས་གྲུབ་པའི་ཀྲུང་གོའི་དམངས་ཁྲོད་ཀྱི་རི་འཛེགས་རུ་ཁག་ཞིག་གིས་རུ་དཔོན་བསོད་ནམས་དབང་འཕེལ་གྱི་སྣེ་ཁྲིད་འོག གང་འདྲ་བྱས་ཏེ་ཡུན་རིང་ཡིད་སྨོན་བྱེད་པའི་རི་འཛེགས་ཀྱི་བརྒྱུད་རིམ་ནང་ཞུགས་པ་དང་། ཉིན་བཞི་བཅུ་ལྷག་རིང་གི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་མཐར་ཇོ་མོ་གླང་མའི་རི་རྩེར་འཛེགས་པའི་ཕུགས་བསམ་མངོན་འགྱུར་ཐུབ་པ་བརྗོད་ཡོད།
རྔ་བ་ཁུལ་གྱི་རིམ་པ་དང་པོའི་སྐོར་ཞིབ་པ་ཀེ་ཉིང་གིས། 《ཇོ་མོ་གླང་མའི་རུ་དཔོན》སྟོན་ཐེངས་ཐོག་མའི་ཐོག་ཤིས་ཚིག་གསུངས་སྐབས། ལུས་རྩལ་གྱིས་ཕུགས་བསམ་མངོན་དུ་འགྱུར་རྒྱུར་རོགས་རམ་བྱེད། གློག་བརྙན་འདིས་མི་དཀྱུས་མའི་ཇོ་མོ་གླང་མར་འཛེགས་པའི་ཕུགས་འདུན་སྒྲུབ་པའི་གཟི་བརྗིད་ཀྱི་དུས་སྐབས་མངོན་ཡོད་པ་དང་། དེས་འཚོལ་ཞིབ་བདེན་འཚོལ་དང་དཀའ་ངལ་ལ་མི་འཛེམ་པ། ཡང་རྩེར་འཛེགས་ཕོད་པ་བཅས་ཀྱི་སྙིང་སྟོབས་གསལ་འགྲེལ་བྱས་ཡོད་པས། ང་ཚོའི་བྱ་གཞག་དང་ལས་ཀར་ཁྲིད་སྟོན་བྱེད་པའི་བསམ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཞིང་། རྔ་བ་ཁུལ་གྱི་གངས་རི་ཆེན་པོའི་རིག་གནས་ཡུལ་སྐོར་སྤུས་རྟགས་དྲིལ་བསྒྲགས་བྱ་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་རྒྱུར་ཕན་པ་ཡོད། གློག་བརྙན་དེའི་འཁྲབ་ཁྲིད་ཚོགས་པའི་རྒྱུན་འཁྱོངས་དང་བློ་སྟོབས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གློག་བརྙན་འདིར་གྲུབ་འབྲས་ཡག་པོ་ཐོབ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ལེགས་སྐྱེས་ཡག་པོ་ཞིག་འབུལ་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།