སྣ་མང་རིག་གནས་ཀྱི་ཁྱད་ཆོས་མངོན་པར་ཐོན་པའི་བཀྲ་ཤིས་དར་རྒྱས་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

▲ བཀྲ་ཤིས་དར་རྒྱས་གླིང་གི་བརྗིད་ཉམས་ཆེ་བའི་སྒོ་ཆེན།

    སྤྱི་ལོ་2022ལོའི་ཟླ་6པའི་ཚེས་7ཉིན་གྱི་སྔ་དྲོ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའུ་འབའ་ལུང་བཅར་འདྲི་ཚོགས་ཆུང་གི་ཚོགས་མིས་རླངས་འཁོར་ལ་བསྡད་དེ་སེམས་ཀྱི་ཟླ་ནས་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ཁང་ཕུའུ་ཤང་ཁྲ་ཀྲི་གྲོང་ཚོར་གནས་པའི་བཀྲ་ཤིས་དར་རྒྱས་གླིང་(ཧྲོའུ་གོ་སི)དུ་འབྱོར་བ་རེད།  བཀྲ་ཤིས་དར་རྒྱས་གླིང་ལ་རྒྱ་སྐད་ཀྱི་ཐོག་ནས་ཧྲོའུ་གོ་སི་ཞེས་བརྗོད་པ་དང་བོད་བརྒྱུད་ནང་བསྟན་པའི་ཀརྨ་བཀའ་བརྒྱུད་ཀྱི་ཁོངས་སུ་གཏོགས་ཡོད། འབའ་ལུང་རྫོང་མཁར་དང་བར་ཐག་སྤྱི་ལེ་78ཡོད་པ་རེད།  ས་གནས་དེ་ནི་ལི་སུའུ་རིགས་དང་། འཇང་རིགས། བོད་རིགས། རྒྱ་རིགས་སོགས་མི་རིགས་འགའ་ཤས་འདུས་སྡོད་ཁུལ་ཡིན། བཀྲ་ཤིས་དར་རྒྱས་གླིང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། འཛུགས་སྐྲུན་གཞི་ཁྱོན་ཆེ་བ་དང་བཟོ་རྩལ་ཁྱད་དུ་འཕགས་པ། ལྡེབས་རིས་ཀྱི་ནང་དོན་མི་རིགས་མཉམ་འདྲེས་ཀྱི་ཁྱད་ཆོས་ལྡན། གཞན་བཀྲ་ཤིས་དར་རྒྱས་གླིང་ནི་རྒྱ་རིགས་དང་བོད་རིགས།པའེ་རིགས་སོགས་མི་རིགས་ཀྱི་བཟོ་བཀོད་སྒྱུ་རྩལ་དང་དད་མོས་རིག་གནས་སྣ་མང་ཟུང་འབྲེལ་ལེགས་པོ་བྱེད་པའི་དཔེ་མཚོན་ཞིག་ཡིན་པས་ལོ་རྒྱུས་དང་ཚན་རིག་གི་རིན་ཐང་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་རིན་ཐང་ལྡན་ཡོད་པ་རེད།

    དགོན་པའི་གྲྭ་བ་ཚེ་རིང་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན་དགོན་པ་ཆགས་སའི་གནས་འདི་ནི་ལི་སུའུ་རིགས་དང་འཇང་རིགས། བོད་རིགས། རྒྱ་རིགས་སོགས་མི་རིགས་འདུས་སྡོད་ཁུལ་ཡིན་པ་དང་། དགོན་སྡེའི་དགེ་འདུན་པའང་བོད་ལྗོངས་དང་། མཚོ་སྔོན། ནང་སོག   སི་ཁྲོན་སོགས་ནས་ཡོང་བ་རེད་ཟེར།

▲ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པས་དགོན་པ་ལ་བཀྲ་ཤིས་དར་རྒྱས་གླིང་ཞེས་པའི་མིང་བསྩལ་པ།

    བཀྲ་ཤིས་དར་རྒྱས་གླིང་ནི་སྤྱི་ལོ་1728ལོར་ཧོ་ཉང་གིས་ཞལ་འདེབས་ཕུལ་ནས་ཁང་ཕུའུ་ཤང་ཁྲ་ཀྲི་གྲོང་ཚོར་དགོན་པ་བསྐྲུན་པ་དང་དུས་ཡུན་ལོ་5ཡི་རིང་ལས་མཇུག་འགྲིལ་ནས་དགོན་པའི་རྒྱ་མིང་ལ་ཧྲོའུ་གོ་སི་ཞེས་བཏགས་པ་རེད། ཆིང་རྒྱལ་རབས་ཀྱི་གོང་མ་ཀོང་ཞུས་ཀྱི་སྐབས་སུ་(སྤྱི་ལོ་1995ལོ)ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པས་དགོན་པ་ལ་བཀྲ་ཤིས་དར་རྒྱས་གླིང་ཞེས་པའི་མིང་བསྩལ་བ་དང་། ས་གནས་དེ་གའི་ཡུལ་མིས་དགོན་པ་འདི་ལ་ཁང་ཕུའུ་བླ་མ་སི་ཞེས་ཀྱང་འབོད་སྲོལ་ཡོད་པ་རེད། 

    ཁང་ཕུའུ་དགོན་པ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་ཚེ་རིང་བག་དྲོ་ཡིས་དགོན་སྡེའི་གྲྭ་བཙུན་གྱི་མི་རིགས་གྲུབ་ཆ་དེ་བོད་རིགས་ཀྱིས་གཙོ་བོ་བྱས་པ་མ་ཟད་ད་དུང་རྒྱ་རིགས་དང་མོ་སོ་བ་ཁག་གཅིག་ཀྱང་ཡོད་པ་རེད། ལོ་རྒྱུས་ཐོག་བཀྲ་ཤིས་དར་རྒྱས་གླིང་དུ་མི་འགྱུར་དང་ཆོས་ཉིད་ཀྱི་སྤྲུལ་སྐུ་ཆེན་པོ་གཉིས་ཆགས་ཡོད། མིག་སྔར་དགོན་སྡེར་ཐོ་འགོད་བྱས་པའི་དགེ་འདུན་པ19ཡོད་པ་སྟེ། སྤྲུལ་སྐུ་1་དང་། དགེ་འདུན་པ17 བཙུན་མ1བཅས་ཡོད་ཅེས་བཤད་བྱུང་།

མི་རིགས་བཟོ་བཀོད་སྒྱུ་རྩལ་རིག་གནས་ནི་དགོན་པ་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན། 

▲མི་རིཊ་སྣ་མང་གི་གཞི་རྒྱུ་ཟུང་འབྲེལ་བྱས་ཡོད་པའི་ཐུན་མོང་མ་ཡིན་པའི་བརྐོས་རིས་སྒྱུ་རྩལ། 

    བཀྲ་ཤིས་དར་རྒྱས་གླིང་གི་བཟོ་བཀོད་གཙོ་བོ་ནི་འདུ་ཁང་ཆེན་པོ་དང་།                        ཤར་ནུབ་གཞོགས་ཁང་། སྤྲུལ་སྐུའི་གཟིམ་ཤག  བསོད་སྙོམས་ཁང་སོགས་ལས་གྲུབ་པ་ཡིན། དགོན་པ་དེའི་འཛུགས་སྐྲུན་འདུ་ཤེས་དང་། སྤྱི་ཡོངས་ཀྱི་བཀོད་པ། ཨར་ལས་གྲུབ་ཚུལ། རྒྱན་སྤྲས་ཚོན་རིས་བཅས་ཚང་མའི་ཐོག་ནས་རྒྱ་རིགས་དང་བོད་རིགས། པའེ་རིགས་སོགས་མི་རིགས་སྣ་མང་གི་སྲོལ་རྒྱུན་བཟོ་བཀོད་སྒྱུ་རྩལ་ཟུང་འབྲེལ་ལེགས་པོ་བྱས་པ་མཚོན་པ་དང་ས་ཁོངས་ཀྱི་མི་རིགས་ཁྱད་ཆོས་མངོན་གསལ་དོད་པོ་ཆགས་ཡོད། འདུ་ཁང་ཆེན་པོ་ནི་དགོན་པ་ཧྲིལ་བོ་འཛུགས་སྐྲུན་བྱེད་པའི་ལྟེ་གནས་ཡིན་ལ།  ཕྱི་ཚུལ་ནི་རྒྱ་ལུགས་ཀྱི་སྲོལ་རྒྱུན་འཛུགས་སྐྲུན་གྱི་དཀྱིལ་ཐིག་ལྟར་བཀོད་སྒྲིག་བྱས་པ། ནང་ཁུལ་ནི་བོད་བརྒྱུད་ནང་བསྟན་གྱི་བཟོ་བཀོད་ལྟར་འཛུགས་སྐྲུན་བྱས་ཡོད། ད་དུང་སྤྲུལ་སྐུ་གཟིམ་ཤག་སོགས་ཀྱིས་ཀྱང་ལི་སུའུ་རིགས་ཀྱི་རི་ཆུ་ནགས་གསུམ་ལ་བརྟེན་པའི་སྡོད་གནས་འདུ་ཤེས་དཔྱད་གཞིར་བཟུང་ཡོད།   མདོར་ན་དགོན་པ་འདིའི་བཟོ་བཀོད་སྒྱུ་རྩལ་རིག་གནས་ནི་རྒྱ་རིགས་དང་བོད་རིགས། པའེ་རིགས་སོགས་མི་རིགས་མང་པོའི་ལག་ཤེས་པའི་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་ལས་གྲུབ་པའི་སྒྱུ་རྩལ་གྱི་ཕོ་བྲང་ཞིག་དང་གཉིས་སུ་མ་མཆིས།

▲བོད་རིགས་དང་པའེ་རིགས་ཟུང་འབྲེལ་གྱི་བཟོ་བཀོད།

ལྡེབས་རིས་ཚོན་རིས་སྒྱུ་རྩལ་ནི་དགོན་པ་འདིའི་ཆོས་ལུགས་མང་པོ་འཆམ་མཐུན་མཉམ་གནས་ཀྱི་མངོན་ཚུལ་ཞིག་ཡིན།

    བཀྲ་ཤིས་དར་རྒྱས་གླིང་གི་འདུ་ཁང་ཆེན་པོའི་རིམ་པ་དང་པོ་ནི་ཆོས་འདོན་ས་ཡིན་པ་དང་། ཀ་བ་31དྲ་དབྱིབས་ལྟར་བསྒྲིགས་པ། ཀ་མགོ་དང་བཀྱགས་ཤིང་སྟེང་དུ་ལོ་མ་དང་པད་འདབ། འབྲུག་སོགས་ཀྱི་རི་མོ་བརྐོས་ཡོད། གདུང་མར་འབྲུག་ཁྱུང་དང་ཁྲུང་ཁྲུང་། ཤིང་པད་མ། བཀྲ་ཤིས་རྟགས་བརྒྱད་སོགས་མཛེས་སྡུག་ལྡན་པའི་བོད་རྒྱ་རི་མོ་བྲིས་ཡོད། ལྡེབས་རིས་ལག་རྩལ་འདི་དག་ལ་བོད་རིགས་ཀྱི་རྒྱན་སྤྲས་རི་མོ་དང་ཐང་གའི་རི་མོའི་ཉམས་འགྱུར་ལྡན་ཡོད་ལ་རྒྱ་རིགས་ཀྱི་བཟོ་པའི་པིར་རིས་དང་སྣག་ཚའི་རི་མོའི་སྲོལ་རྒྱུན་ཡང་བསྡུ་ལེན་བྱས་ཡོད། རི་མོའི་ནང་དོན་ནི་སྤྱན་རས་གཟིགས། གནམ་གྱི་རྒྱལ་པོ། དགྲ་བཅོམ་པ།  གྲུབ་ཐོབ་བརྒྱད།  རྒྱལ་སྲིད་སྡེ་བརྒྱད།  མེ་ཏོག་འདབ་ཆགས་སྣ་ཚོགས་དང་བོད་བརྒྱུད་ནང་བསྟན་གྱི་དཀྱིལ་འཁོར་སོགས་གསང་བའི་བརྗོད་བྱ་དང་ཟུང་འབྲེལ་བྱས་ནས་བཀོད་ཡོད། དེའི་རྒྱུ་ཆ་ལ་དཀར་སེར་དམར་སྔོའི་གཏེར་རྫས་སྣ་ཚོགས་ལས་གཞན་གསེར་དང་། དངུལ།  མུ་ཏིག  བྱུ་རུ་སོགས་རྩ་ཆེའི་རིན་པོ་ཆེ་འབོར་ཆེན་བེད་སྤྱོད་བྱས་ཡོད།

▲ད་ཆ་ཉར་ཚགས་ཆ་ཚང་བྱས་པའི་ཁ་བ་དཀར་པོའི་ལྡེབས་རིས།

    དགོན་པའི་གྲྭ་བ་ཚེ་རིང་ཉི་མས་ང་ཚོའི་དགོན་པའི་ལྡེབས་རིས་ལ་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ལོ་ངོ་300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། རིམ་པ་ཁག་གི་སྲིད་གཞུང་དང་རིག་དངོས་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྡེབས་རིས་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་ཐོབ་ཡོད། ང་ཚོའི་དགོན་པ་འདི་ལ་2006ལོའི་ཟླ5པའི་ཚེས་22ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐབས་དྲུག་པའི་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། 2009ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མ་དངུལ་སྒོར་ཁྲི་1200ལྷག་ཙམ་བཏང་ནས་དགོན་པའི་འཛུགས་སྐྲུན་ཚོགས་པ་ཉམས་གསོ་བྱས་པ་རེད། ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད་དགོན་པའི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་ཨར་སྐྲུན་གྱི་རྨང་གཞིའི་མངོན་མེད་རྐྱེན་ངན་རྩ་བཅོས་ནུས་ལྡན་བྱུང་ནས་གནའ་བོའི་འཛུགས་སྐྲུན་ཚོགས་ཀྱི་རིག་དངོས་རང་གཟུགས་ལ་སྲུང་སྐྱོང་ནུས་ལྡན་བྱུང་ཡོད། 2016ལོའི་ཟླ4པའི་ཚེས10ཉིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་རྡོ་རིང་བཙུགས་པ་རེད་ཅེས་ངོ་ལ་འཛུམ་མདངས་དང་བཅས་ངོ་སྤྲོད་བྱས་བྱུང་།

▲2016ལོའི་ཟླ4པའི་ཚེས10ཉིན། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱལ་ཡོངས་གནད་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཚན་གྱི་རྡོ་རིང་བཙུགས་པ།

    ལྡེབས་རིས་ཀྱི་ནང་དོན་ཐད་ཏའོ་ཅའོ་ཆོས་ལུགས་དང་རང་བྱུང་དད་གུས། དེ་བཞིན་རྒྱ་རིགས་དང་པའེ་རིགས་སོགས་དམངས་ཁྲོད་ཀྱི་འཇིག་རྟེན་པའི་བརྗོད་བྱ་འབོར་ཆེན་བཀོད་ཡོད། དགོན་པ་འདི་ཉིད་ནི་མིག་སྔར་རང་རྒྱལ་གྱི་ལི་སུའུ་རིགས་དང་འཇང་རིགས་འདུས་སྡོད་ཁུལ་དུ་ཉར་ཚགས་ཡག་པོ་བྱས་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཡིན་ལ། ཏའོ་ཅོའོ་ཆོས་ལུགས་དང་། རུའུ་ཡི་ཆོས་ལུགས་སོགས་དགོན་པ་གཅིག་ཏུ་འདུས་པ་དང་། མི་རིགས་མང་པོའི་དད་མོས་རིག་གནས་དང་དམངས་ཁྲོད་ཀྱི་འཇིག་རྟེན་པའི་རིག་གནས་གཞི་གཅིག་ཏུ་འདྲེས་ཡོད་པས་རིག་གནས་སྣ་མང་སྤེལ་རེས་དང་མཉམ་འདྲེས་བྱེད་པའི་རྩ་ཆེའི་དངོས་རྫས་དཔྱད་ཡིག་ཅིག་ཏུ་གྱུར་ཡོད་པ་རེད།

སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་འགུལ་ལ་ཞུགས་པ་ནི་དགོན་པ་འདིའི་གོམས་གཤིས་བཟང་བོ་ཞིག་ཡིན།

    དགོན་པའི་གྲྭ་བ་ཚེ་རིང་ཉི་མས་ཁང་ཕུའུ་དགོན་པ་དོ་དམ་ཅུས་ཀྱི་ཁྲིད་སྟོན་འོག་ང་ཚོའི་དགོན་པས་ས་གཞི་ཞིག་དགོན་སྡེའི་ཀུན་བདེ་གླིང་དུ་འཆར་འགོད་བྱས་ཏེ་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་ཅེས་པའི་འདུ་ཤེས་འདི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཡག་པོ་བྱས་ཡོད་པ་མ་ཟད།དེ་སྔོན་གྱི་ཚེ་ཐར་གཏོང་སྲོལ་དེ་ཤིང་འཛུགས་ཀྱི་རྣམ་པར་འགྱུར་ནས་སྣོད་བཅུད་ཁོར་ཡུག་གི་སྲུང་སྐྱོང་ཐད་རང་ནུས་ཅི་ཡོད་བཏོན་ཡོད། རྟག་ཏུ་གྲྭ་བཙུན་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་ཏེ་ལོ་འགའི་རིང་དགོན་པས་སློབ་གྲྭ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་དངོས་ཟོག་ཞལ་འདེབས་ཐེངས་མང་བརྒྱབ་ནས་དགོན་པའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཡོད།     ང་ཚོའི་དགོན་པས་ད་དུང་སློབ་གྲྭ་ཆེ་མོ་བ་གཉིས་ལ་སློབ་ཡོན་རོགས་སྐྱོང་བྱས་ཡོད།  ད་ལྟ་སློབ་མ་གཅིག་སློབ་གྲྭ་ནས་མཐར་ཕྱིན་ཏེ་ལས་ཀར་ཞུགས་པ་དང་། གཅིག་ཤོས་ནི་ད་དུང་སློབ་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་བཤད་བྱུང་། 

▲དགོན་པའི་དེང་རབས་ཅན་གྱི་ཐབ་ཚང་།

    ཁང་ཕུའུ་དགོན་པ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་ཚེ་རིང་བག་དྲོས་ཀྱིས་ང་ཚོས་རྟག་ཏུ་དགོན་པའི་གྲྭ་བ་དང་ཆོས་སྦྱོང་མི་སྣར་རྒྱལ་གཅེས་ཆོས་གཅེས་དང་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་རྗེས་སུ་འབྲང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཧུར་ཐག་བཏང་ནས་མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

▲དགོན་པའི་ཇོ་མོ་དང་ཁྲ་ཀྲི་གྲོང་སྡེའི་གྲོང་མི་རྣམས་ཀྱིས་ཏང་དར་འཚེམ་བཟོ་བྱེད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་ལ་བསུ་མ་བྱེད་བཞིན་པ།