རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-06-30   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན
ཇི་སྐད་དུ། འཛམ་གླིང་གི་བོད་ལུགས་ས་གདན་ལེགས་ཤོས་ཀྲུང་གོར་ཡོད། ཀྲུང་གོའི་བོད་ལུགས་ས་གདན་ལེགས་ཤོས་མཚོ་སྔོན་དུ་ཡོད་ཅེས་ཟེར་བ་བཞིན་མཚོ་སྔོན་བོད་ལུགས་ས་གདན་གྱིས་མཚོ་བོད་མཐོ་སྒང་གི་ལོ་ངོ་སྟོང་གི་ཐུན་མིན་ཁྱད་ཆོས་སྦྲུམ་ཡོད། ལོ་ངོ་སྟོང་གི་བོད་ལུགས་ས་གདན་གྱིས་དཀའ་སྡུག་ཁྱད་དུ་བསད་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་ཡོད། 2021ལོའི་ཟླ་6ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་དང་། དེ་ནས་ལོ་གཅིག་སོང་རྗེས་ཁེ་ལས་ཀྱིས་ས་གནས་དེ་གའི་མ་བཅོས་རྒྱུ་ཆའི་ལེགས་ཆར་བརྟེན་པ་དང་། ཇུས་འགོད་ཀྱི་འདུ་ཤེས་གསར་འབྱེད། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་ཤིང་། ཁེ་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་བའི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཟུང་སྟེ། འདས་པའི་ལོ་ངོ་གཅིག་གི་རིང་ཧྲིན་ཡོན་ས་གདན་ཀུང་སིས་འབད་བརྩོན་ཆེན་པོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ས་གདན་འཐག་པ་དང་། སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱིས་ཁྱད་ལྡན་ཐོན་ལས་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་ལམ་བུའི་ཐོག་བསྐྱོད་ནས། རྒྱུན་འཛིན་དང་འཕོ་འགྱུར་ཁྲོད། ཁྱད་ལྡན་ཐོན་ལས་ཀྱི་ཉམས་འགྱུར་མངོན་པའི་དུས་རབས་ཀྱི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།
བོད་ལུགས་ས་གདན་དང་། ཤར་ཕྱོགས་ཀྱི་ས་གདན། པར་སིག་གི་ས་གདན་བཅས་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ས་གདན་རིགས་གསུམ་ཡིན། མཚོ་སྔོན་ནི་བོད་ལུགས་ས་གདན་གྱི་ཕ་ཡུལ་ཡིན་པ་དང་མཚོ་སྔོན་གྱི་བོད་ལུགས་ས་གདན་ལ་ལོ་3000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། རྒྱུ་ཆ་གཙོ་བོ་ནི་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཟི་ལིང་གི་བལ་དཀར་རེད། 2007ལོར་བཙུགས་པའི་ཧྲིན་ཡོན་ས་གདན་ཀུང་སིས་མཚོ་སྔོན་གྱི་སྤུས་ལེགས་ནོར་ལུག་དང་བལ་གྱི་ཐོན་ཁུངས་ལ་བརྟེན་ནས་བོད་ལུགས་ས་གདན་རིག་གནས་ལྟེ་བར་བྱས་ཐོག ཀྲུང་གོ་དང་ནུབ་ཕྱོགས་ཀྱི་གནའ་བོའི་སྒྱུ་རྩལ་དང་དེང་རབས་རིག་གནས་སྒྱུ་རྩལ་མཉམ་འདྲེས་བྱས་ཏེ་དེང་རབས་ཀྱི་ཚོང་སྤྱོད་ས་གདན་དང་རྩེར་སོན་ས་གདན་སོགས་ཀྱི་སྣ་ཁ་གསར་པ་རྒྱུན་ཆད་མེད་པར་གསར་སྤེལ་བྱས་ཡོད། དེ་ནས་ལོ་15སོང་རྗེས། ད་ཆ་ས་གདན་ཇུས་འགོད་དང་། ཞིབ་འཇུག་གསར་སྤེལ། ཐོན་སྐྱེད། ཚོང་གཉེར། ཞིབ་དཔྱད་ཚད་ལེན་བཅས་གཞི་གཅིག་ཅན་གྱི་ཚོགས་པ་ཅན་དང་རྒྱལ་སྤྱི་ཅན་གྱི་ས་གདན་ལས་རིགས་ཀྱི་ཁེ་ལས་ཆེ་གྲས་ཤིག་ཏུ་འཕེལ་རྒྱས་ཕྱིན་ཡོད། ཐོག་མའི་ལག་འཐག་ནས་ལག་འཐག་དང་འཕྲུལ་འཐག་ཟུང་འབྲེལ་བྱེད་པའི་བར་དང་། གཞི་ཁྱོན་ཆེན་པོས་བཟོ་བ་ནས། སྒེར་གཤིས་ཅན་གྱི་མངགས་ཉོའི་བར། གཏན་འཁེལ་མངགས་ཉོའི་བཟོ་སྟངས་ནས་རིག་ནུས་བཟོ་སྟངས་བར། ཧྲེང་ཡོན་གྱི་ས་གདན་གྱིས་ཆེས་སྔོན་ཐོན་གྱི་ཚན་རྩལ་དང་འདུ་ཤེས་དེ་སྲོལ་རྒྱུན་གྱི་ཐོན་ལས་ནང་རྒྱུན་ཆད་མེད་པར་འདྲེས་པར་བྱས་ནས་ཐོན་རྫས་ཨོ་སི་ཁྲུ་ལི་ཡ་དང་། ཡོ་རོབ། དབུས་ཤར། ཨ་མེ་རི་ཁ་གླིང་བྱང་མ་སོགས་རྒྱལ་ཁབ་དང་ས་ཁུལ་40ལྷག་ཙམ་ལ་བྲིན་ཚོང་བྱེད་ཀྱི་ཡོད། མགྲོན་ཁང་རྩེ་གྲ་དང་རྒྱས་སྤྲོས་དངོས་རྫས་ཚོང་ཁང་བརྒྱ་ལྷག་ཙམ་གྱིས་ལས་གཞིའི་རྣམ་གྲངས་དང་ལེན་བྱས་ནས་རྒྱལ་སྤྱིའི་ཁྲོམ་རར་མཚོ་སྔོན་གྱི་ཁྱད་ལྡན་སྤུས་རྟགས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད་པ་རེད།
སྲོལ་རྒྱུན་གྱི་བོད་ལུགས་ས་གདན་རྒྱལ་སྤྱིའི་དཔེ་གཞིར་གྱུར་བར་བྱེད། ཧྲེང་ཡོན་གྱི་ས་གདན་གྱིས་འཛམ་གླིང་ཐོག་བོད་ལུགས་ས་གདན་ཐོན་སྐྱེད་རྟེན་གཞི་རྩེ་གྲ་ཧུར་ཐག་བཏོད་དེ་ས་མཐོའི་ཁྱད་ལྡན་ཐོན་ལས་འཛམ་གླིང་ཕྱོགས་སུ་སྐྱོད་པའི་གསེར་གྱི་མིང་བྱང་ལྟ་བུར་འགྱུར་བ་བྱ་རྒྱུ་རེད། ལོ་ངོ་མང་པོའི་འཕེལ་རྒྱས་བརྒྱུད། མཚོ་སྔོན་གྱི་བོད་ལུགས་ས་གདན་ཐོན་ལས་གསར་གཏོད་ཀྱི་ལམ་བུའི་ཐོག་བསྐྱོད་དེ། ཐོན་སྐྱེད་གཞི་ཁྱོན་ཅན་དང་། ཆེད་ལས་ལས་ཅན། དེང་རབས་ཅན་བཅས་མངོན་འགྱུར་བྱུང་བ་དང་། ཚོགས་པའི་ཞིབ་འཇུག་གསར་སྤེལ། ཇུས་འགོད། ཐོན་སྐྱེད།འགྲེམས་སྟོན། གཉེར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་གོང་སྤེལ་ཚོགས་པ་གྲུབ་ཡོད་པ་རེད།
རྒྱུ་ཆ་སྤུས་དག་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་དང་རྩེར་སོན་བཟོ་རྩལ་གྱིས་བོད་ལུགས་ས་གདན་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཆེན་པོ་རྙེད་ཅིང་། རྒྱུ་སྤུན་སྒྲིལ་ནས་མི་སེར་ཕྱུག་འགྱུར་གྱི་ཐགས་རིས་འདྲུབ་པར་བྱས་ཡོད། ཉེ་བའི་ལོའི་རིང་། ཧྲེང་ཡོན་ས་གདན་ཀུང་སིས་སྤུས་དག་པའི་རྒྱུ་ཆ་དང་། དམིགས་བསལ་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཉམས་འགྱུར་དང་བཟོ་རྩལ་རྩེར་སོན་ལ་བརྟེན་ནས་བོད་ལུགས་ས་གདན་གྱིས་མི་མང་པོ་ཞིག་ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་ཡོད།