མི་རིགས་མཐུན་སྒྲིལ་གྱི་དད་པའི་གདན་ས་སྡེ་བཞི་ཐུབ་བསྟན་རབ་རྒྱས་གླིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

▲རབ་རྒྱས་གླིང་གི་གསར་དུ་བཞེངས་པའི་འདུ་ཁང་ཆེན་པོ་དང་དུས་རབས་20པའི་ལོ་རབས་80སྐབས་བཞེངས་སྐྲུན་བྱས་པའི་དགོན་སྡེའི་ཕྱིའི་བཀོད་པའི་མཉམ་པར། 

    སྤྱི་ལོ་2022ལོའིཟླ་6པའི་ཚེས་8ཉིན་བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་རྩོམ་སྒྲིག་པུའི་བཅར་འདྲ་ཚོ་ཆུང་འབའ་ལུང་རྫོང་པའོ་ཧོ་གྲོང་རྡལ་ལ་སོང་ནས་འབའ་ལུང་མཐའ་ཆུ་སྡེ་བཞི་ཐུབ་བསྟན་རབ་རྒྱས་གླིང་དུ་འབྱོར་བྱུང་།       རབ་རྒྱས་གླིང་དུ་ཐོན་པ་ན་ཐོག་མར་མིག་ལམ་དུ་ཤར་ཡོང་བ་ནི་དགོན་པའི་གཞི་ཁྱོན་ཆེ་ལ་བརྗིད་ཆགས་ཀྱི་འཛུགས་སྐྲུན་དང་བཟོ་བཀོད་ཐུན་མོང་མ་ཡིན་པའི་བཟོ་དབྱིབས་ཡིན་པ་རེད། 

རབ་རྒྱས་གླིང་གི་ཡུན་རིང་གི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་གནས་བབ། 

    རབ་རྒྱས་གླིང་གི་དམངས་གཙོ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དཔལ་ལྡན་གྱིས་སྡེ་བཞི་ཐུབ་བསྟན་རབ་རྒྱས་གླིང་ནི་ཆིན་ཀན་ལུང་ཁྲི་ལོ་དྲུག་པ་(སྤྱི་ལོ་1741ལོར)འབྲི་གུང་སྐྱབས་མགོན་ཉེར་ལྔ་པ་དཀོན་མཆོག་ཁྲི་ལེགས་དོན་འགྲུབ་ཆོས་ཀྱི་རྒྱལ་པོའི་སྐབས་སུ་རང་འབྱུང་སྤྲུལ་སྐུ་སྐུ་ཕྲེང་དང་པོས་ཕྱག་བཏབས་པ་དང་རྒྱལ་པོ་སྟེང་གི་ཡུལ་དཔོན་གྱིས་རོགས་སྐྱོར་བྱས་པ་རེད།  རབ་རྒྱས་གླིང་དུ་གྲྭ་བ་ཆེས་མང་དུས་དེ167ཟིན་མྱོང་ཡོད། བདེ་ཆེན་ཁུལ་དུ་ཡོད་པའི་འབྲི་གུང་བཀའ་བརྒྱུད་པའི་དགོན་པ་གཅིག་པུ་ཡིན་པ་རེད། ད་ལྟ་རབ་རྒྱས་གླིང་དུ་སྤྲུལ་སྐུ3སྟེ་རང་འབྱུང་དང་ཡོན་ཏན། ཆོས་གྲགས་བཅས་གསུམ་ལ་ཡང་སྲིད་ངོ་འཛིན་བྱས་ཡོད། ད་ལྟ་དགོན་པར་གྲྭ་བ་86ཡོད་པ་དང་། མཁན་པོ5ཡོད། རབ་རྒྱས་གླིང་གི་འཛུགས་སྐྲུན་ཚོགས་ལ་དམ་པ་གནས་དང་། གསར་སྐྲུན་བྱས་པའི་འདུ་ཁང་ཆེན་མོ། སྲུང་མ་ཁང་།  སྒྲོལ་མ་ཕོ་བྲང་སོགས་ཡོད།  རབ་རྒྱས་གླིང་ནི་ཡུན་རིང་གི་ནང་བསྟན་རིག་གནས་རྒྱུན་འཛིན་བྱས་ཡོད་པ་དང་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྒྱ་ཆེའི་མང་ཚོགས་དང་གྲུབ་མཐའ་ཁག་གི་དད་ལྡན་པ་ཚོས་དད་གུས་ཆེན་པོས་མཇལ་དར་བསྒྲོན་པ་དང་མཆོད་འབུལ་བྱེད་ཀྱི་ཡོད་ཅེས་བཤད་བྱུང་། 

▲ དམ་པ་གནས་གྱི་བྲག་ཕུག་ནང་དུ་བཞེངས་ཡོད་པའི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་འདྲ།

    དམ་པ་གནས་ལ་ངོ་མཚར་བའི་ངག་རྒྱུན་དང་ཡུན་རིང་གི་ལོ་རྒྱུས་ལྡན། ངག་རྒྱུན་ལྟར་ན་ལོ་དེར་ཕ་དམ་པ་སངས་རྒྱས་རྒྱ་གར་ནས་ཀྲུང་གོར་ཆོས་སྤེལ་དུ་ཕྱིན་ཏེ་འབྲི་ཆུའི་ལྷོ་བྱང་གང་སར་བསྐྱོད་ཀྱང་མཐར་ས་ཆ་དེ་གར་སངས་རྒྱས་ཀྱི་ཐུགས་དགོངས་དང་ཧ་ཅང་མཐུན་པ་མཐོང་རྗེས་རི་རྩེར་འཛེགས་པ་དང་བྲག་ཕུག་ནང་གི་གྱང་ངོས་སུ་སྒོམ་སྒྲུབ་ལོ་བཅུ་བྱས་ནས་ས་འདི་ནས་མྱ་ངན་ལས་འདས་པ་དང་སངས་རྒྱས་པ་རེད། ད་བར་བྲག་ཕུག་ནང་ད་དུང་ཕ་དམ་པ་སངས་རྒྱས་ཀྱི་སྐུ་འདྲ་དང་ཞབས་རྗེས་ཀྱི་རྗེས་ཤུལ་ཡོད་པ་རེད།  བྲག་ཕུག་ནང་གི་མཆོད་རྟེན་ཁྲོད་དུ་ཕ་དམ་པ་སངས་རྒྱས་ཀྱིས་བཀོལ་མྱོང་བའི་སྣོད་ཆས་དང་། ཞྭ་གོས། འཁར་བ་སོགས་དུར་འཇུག་བྱས་ཡོད་པས་བྲག་ཕུག་འདིའི་མིང་ལ་དམ་པ་གནས་ཞེས་པའི་མིང་བཏགས་པ་རེད་ཟེར།

▲ནགས་ཚལ་ཁྲོད་དུ་གནས་པའི་བདེ་ཆེན་ནང་བསྟན་སློབ་གླིང་རབ་རྒྱས་གླིང་དམ་པ་ཡན་ལག་སློབ་གླིང་།

    རབ་རྒྱས་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དཔལ་ལྡན་གྱིས་ང་ཚོར་རང་འབྱུང་རིན་པོ་ཆེའི་དགེ་རྒན་མཁན་པོ་དཀོན་མཆོག་ཚུལ་ཁྲིམས་ལ་བཅར་འདྲི་བྱ་རྒྱུ་བཀོད་སྒྲིག་བྱས། དགེན་ཁོ་དགུང་ལོ་80ལ་སོན་ཡོད་པས་ང་ཚོ་ཡོང་བ་མཐོང་སྐབས་ཧ་ཅང་དགའ་པོ་བྱུང་། 

 ▲ མེ་སྐྱོན་བྱུང་རྗེས་གསར་དུ་བཟོ་སྐྲུན་བྱས་པའི་དམ་པ་གནས། 

    མཁན་པོ་དཀོན་མཆོག་ཚུལ་ཁྲིམས་ཀྱིས་ང་ནི་རང་འབྱུང་སྤྲུལ་སྐུའི་དགེ་རྒན་ཡིན། རང་འབྱུང་སྤྲུལ་སྐུ་ནི་ང་ཚོའི་དགོན་པའི་དགོན་བདག་ཡིན་ལ།   ད་ལྟ་ཡུན་ནན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་བདེ་ཆེན་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའང་ཡིན་པ་རེད། ཁོང་ད་དུང་ཀྲུང་གོའི་བོད་ཡིག་སྡེ་ཁག་གི་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་སྦྱོང་ལོ་གཉིས་བྱས་མྱོང་བ།  2014ལོའི་ཟླ་9པར་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་དང་མཉམ་དུ་པི་ལི་ཧྲི་དང་ཧྥ་རན་སེ་སོགས་ཕྱི་རྒྱལ་དུ་འཚམས་འདྲི་གནང་མྱོང་ཡོད།ང་ཚོའི་སྤྲུལ་སྐུ་ནི་རྒྱལ་གཅེས་ཆོས་གཅེས་ཀྱི་བླ་མ་ཞིག་ཡིན། དམ་པ་གནས་ལ་2013ལོར་མེ་སྐྱོན་བྱུང་བ་དང་མེ་སྐྱོན་བྱུང་རྗེས་ཏང་དང་རྒྱལ་ཁབ་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་དགོན་སྡེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་བྱེད་འགོ་བརྩམས་པ་རེད། ད་ལྟ་སྐྲུན་པའི་བཟོ་ལྟ་དེ་ནི་སྔོན་མེར་བསྲེགས་པའི་འཛུགས་སྐྲུན་དང་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་པས་བྲག་རི་གཡང་གཟར་རྒྱུད་དུ་ཤིང་བརྩེགས་ནས་གྲུབ་པ་ཞིག་ཡིན་ཞེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་དུང་ང་ཚོའི་དགོན་པར་དེ་སྔོན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་དེ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཆུ་སྤྱོད་དཀའ་བ་ཞིག་ཡོད།  ད་ཆ་ཏང་གི་ཆོས་ལུགས་སྲིད་ཇུས་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ང་ཚོའི་འགྲོ་ལམ་ཡངས་སུ་ཕྱིན་པ་མ་ཟད་ད་དུང་ཨར་འདམ་ལམ་བཏིང་ཡོད། དགོན་པར་སྐྱོད་སའི་འགྲོ་ལམ་མི་འདྲ་བ་གསུམ་ཡོད་པས་ཧ་ཅང་སྟབས་བདེ་པོ་ཡོད། གཞན་ད་ཆ་ཆུ་སྤྱོད་རྒྱུ་ཡང་སྟབས་བདེ་རུ་ཕྱིན་ནས་ཆུ་སྒོ་ཕྱེ་མ་ཐག་ཆུ་འཐུང་རྒྱུ་ཡོད། དགོན་པའི་ཆུ་ནི་དམ་པ་གནས་ཀྱི་ཁ་སྤྲོད་ཀྱི་འབའ་བྲོས་གྲོང་ཚོ་ནས་དྲངས་ཡོང་བ་ཞིག་ཡིན་པས་དེ་སྔོན་རྨི་ལམ་དུའང་རྨིས་མི་ཕོད་པའི་བྱ་བ་ཞིག་རེད་ཅེས་བཤད་པ་རེད།

▲ དགོན་པའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྒྲོག་འགྲེལ་བྱེད་བཞིན་པ།

    འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་བྲོས་གྲོང་སྡེའི་གྲོང་མི་རྒྱལ་མཚན་གྱིས་སྔོན་ཆད་ང་ཚོ་འབའ་བྲོས་གྲོང་ཚོ་ནས་དམ་པ་གནས་མཇལ་སྐོར་ལ་འགྲོ་དུས་ཕལ་ཆེར་ཉིན་གསུམ་གྱི་དུས་ཚོད་དགོས་པ་རེད། ལམ་སྟབས་མི་བདེ་བས་ལམ་རྒྱགས་ཚང་མ་རང་རང་གིས་འཁུར་དགོས་ལ། ལམ་བར་དུ་གནས་ཚང་རེ་ནས་སྡོད་ས་གཡར་དགོས་པ་རེད། དེང་སང་ཏང་གི་སྲིད་ཇུས་ཡག་པོ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་དགོན་པའི་ལམ་ཡངས་ཞིང་བདེ། མཇལ་སྐོར་ལ་འགྲོ་དུས་ཧ་ཅང་སྟབས་བདེ་བྱུང་། ལམ་ཐག་ཀྱང་ཇེ་ཐུང་དུ་སོང་འདུག  རླངས་འཁོར་བསྐོར་ན་དུས་ཚོད་གཅིག་ལས་མི་དགོས། དགོན་པའི་མཐའ་འཁོར་དུ་ཚོང་ཁང་ཡང་ཡོད་པས་ཟ་མ་ཡང་རང་ཉིད་ཀྱིས་འཁྱེར་མི་དགོས་པ་རེད་ཅེས་བཤད་པ་རེད། 

▲ རབ་རྒྱས་གླིང་གི་གསར་དུ་བཟོ་སྐྲུན་བྱས་པའི་གྲྭ་ཤག

    ང་ཚོས་བཅར་འདྲི་ལེགས་འགྲུབ་བྱུང་རྗེས་དམ་པ་གནས་ལ་གནས་སྐོར་ལན་གཅིག་བརྒྱབ་པ་ན་གསར་དུ་ལེགས་འགྲུབ་བྱུང་བའི་དམ་པ་གནས་སུ་སླེབས་བྱུང་།       དམ་པ་གནས་རྒྱང་རིང་ནས་བལྟས་ན་བྲག་ལྡེབས་སུ་བཀལ་བའི་རྒྱན་སྤྲས་ཤིག་དང་འདྲ་བས་ལྷའི་ཕོ་བྲང་ལས་ཀྱང་བརྗིད་ཉམས་ལྡན་ཞེས་ཟེར་ཆོག དམ་པ་གནས་ལ་མེ་སྐྱོན་བྱུང་རྗེས་ཏང་གི་ཐུགས་ཁུར་འོག་ད་ལྟ་སླར་ཡང་སྒྲོན་མེའི་འོད་སྟོང་རྣམ་པར་འཕྲོ་འདུག

 ▲ མཇལ་སྐོར་ལམ་གྱི་མ་ཎི་རྡོ་འབུམ། 

སྒྱུ་རྩལ་གྱི་རིན་ཐང་དང་སྤྱན་གཟིགས་ཀྱི་རིན་ཐང་ལྡན་པའི་རྡོ་བརྐོས་སྒྱུ་རྩལ། 

    ང་ཚོས་མཇལ་སྐོར་བྱེད་པའི་ལམ་བར་དུ་དམ་པ་གནས་ཀྱི་མཇལ་སྐོར་བརྒྱུད་ལམ་ཧྲིལ་པོར་རྡོ་བརྐོས་ཁྱབ་ཡོད་པ་མཐོང་བྱུང་། མཐའ་ཆུ་གྲོང་རྡལ་གྱི་དགོན་སྡེ་དོ་དམ་ཅུས་ཀྱི་ལས་དོན་མི་སྣ་ཤེས་རབ་རྒྱས་མཚོ་ཡིས་མཇལ་སྐོར་ལམ་གྱི་མཐའ་འཁོར་རིང་ཚད་ལ་སྤྱི་ལེ་3ཙམ་ཡོད་པ་དང་མཇའ་སྐོར་ལམ་ནང་ཁྱོན་བསྡོམས་མ་ཎི་རྡོ་བརྐོས་150ལྷག་ཡོད། འདིའི་ནང་མ་ཎིའི་རྡོ་བརྐོས་108མ་ཎིའི་རྡོ་རོང་དུ་གཅིག་སྡུད་བྱས་ཡོད་པ་དང་རྡོ་འབུམ49བརྒྱུད་ལམ་གྱི་ལམ་རྒྱུད་དུ་ཁ་ཐོར་གནས་པས་ཁྱོན་བསྡོམས་རྡོ་ལེབ་8000ལྷག་ཙམ་ཟིན་ཡོད། མཇལ་སྐོར་ལམ་ཐིག་ཧྲིལ་པོའི་ནང་ཁྱོན་བྲག་བརྐོས་50་ལྷག་ཙམ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    མཇལ་སྐོར་ལམ་གྱི་རྡོ་བརྐོས་ལ་གཙོ་བོ་ཡི་གེའི་རྡོ་བརྐོས་དང་འདྲ་བཟོ་རྡོ་བརྐོས་རིགས་གཉིས་ཡོད། ཡི་གེའི་རྡོ་བརྐོས་ལ་བོད་ཡིག་དང་ལེགས་སྦྱར་ཡི་གེ  རྒྱ་ཡིག་བཅས་རིགས་གསུམ་ཡོད་པ་རེད། དེའི་ནང་དོན་གཙོ་བོ་ནི་གཟུངས་སྔགས་ཡིན་པ་དང་དེའི་ནང་གྲངས་འབོར་མང་ཤོས་ནི་ཤེར་ཕྱིན་འབུམ་དང་རྡོ་རྗེ་གཅོད་པ། མ་ཎི་ཡིག་དྲུག་ཡིན་པ་ཤེས་རྟོགས་བྱུང་།       འདྲ་བཟོ་རྡོ་བརྐོས་ཀྱི་ནང་དོན་གཙོ་བོ་ནི་སངས་རྒྱས་དང་། སྲུང་མ།  བླ་མ་སྐྱེས་ཆེན། རི་དྭགས་དང་འདབ་ཆགས་རྩ་ཆེན་བཅས་དང་དེ་བཞིན་མཚོན་རྟགས་ཁ་ཤས་ཡིན། རྡོ་བརྐོས་ཀྱི་ཉམས་འགྱུར་སྣ་མང་ལྡན་པ་དང་། བཟོ་དབྱིབས་ཀྱི་བྱེད་ཐབས་ཕུན་སུམ་ཚོགས་པ། རི་མོའི་སྒྲིག་གཞི་ཧ་ཅང་ངོ་མཚར་ཞིང་ཞིབ་ཚགས་ལྡན་པ། གྲི་རྩལ་བྱང་པོ་ཡིན་པ་བཅས་ཡིན་པས་རང་ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་རེད། 

 ▲ མཇལ་སྐོར་ལམ་ཕྲན།

སྐྱ་སེར་ཐུན་མོང་གི་དོན་ཆེན་ཏེ་དམ་པ་གནས་ཀྱི་སྲོལ་རྒྱུན་མཇལ་སྐོར་དུས་ཆེན། 

    ལུགས་རྙིང་ལོའི་ཟླ4པའི་ཚེས15ཉིན་སྟོན་པ་ཤཱཀྱ་མུ་ནེ་སངས་རྒྱས་པའི་དུས་ཆེན་ཉིན་མོ་ཡིན། ཉིན་འདིར་དགོན་པས་ཆོས་ཚོགས་གཟབ་རྒྱས་འཚོགས་པ་རེད། དད་ལྡན་མང་ཚོགས་ཀྱིས་མཇལ་སྐོར་བྱེད་སྒོ་སྤེལ་བ་དང་ལམ་ཐིག་དམ་པ་གནས་ནས་འགོ་ཚུགས་ཏེ་རི་རྩེར་སྐོར་བ་ལན་གཅིག་བརྒྱབ་ན་ལམ་ཐག་སྤྱི་ལེ་3ཙམ་དགོས་པ་རེད། ངག་རྒྱུན་ལྟར་ན་ལོ་རེའི་ལུགས་རྙིང་གི་ཟླ་4པའི་ཚེས1ཉིན་ནི་ཕ་དམ་པ་སངས་རྒྱས་ཀྱི་སངས་རྒྱས་པའི་ཉིན་མོ་རེད་ཟེར། སྐབས་དེར་སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་།       འབའ་ལུང་རྫོང་། ས་དམ་ས་ཁུལ་བཅས་རྫོང་བཞི་དང་ས་ཁུལ་བརྒྱད་ཀྱི་བོད་རིགས་དང་། ལི་སུའུ་རིགས། འཇང་རིགས་སོགས་ཀྱི་དད་ལྡན་མང་ཚོགས་རྣམས་གནས་འདིར་འཛོམས་ནས་མཇའ་སྐོར་དུས་ཆེན་གྱི་ཆོས་ཚོགས་ལ་ཞུགས་པ་རེད།

▲ མཇལ་སྐོར་ལམ་བར་གྱི་བར་དོ་བྲག་ཕུག

    གཞན་ཡང་ལོ་ལྟར་རབ་རྒྱས་གླིང་དམ་པ་གནས་ཀྱིས་གཙོ་གཉེར་བྱས་པའི་ནང་བསྟན་དུས་ཆེན་ལ་དགེ་འདུན་པ་ཚོས་འབག་འཆམ་པ་དང་། ལོ་རེའི་ཟླ11པའི་དགུ་གཏོར་དུས་ཆེན་ལ་དད་ལྡན་ཕོ་མོ་དང་།  རྒན་དར་གཞོན་གསུམ་གང་ཡིན་རུང་གཅིག་ཀྱང་མ་ལུས་པར་ཚང་མ་དམ་པ་གནས་ཀྱི་སྤང་ཐོག་ཏུ་འཛོམས་ནས་ལོ་རེར་ཐེངས་གཅིག་གི་ཆོས་ཀྱི་ཆོ་ག་འདི་ལ་ལྷག་བསམ་རྣམ་དག་གིས་ཞུགས་པ་རེད།