ཁ་ལག་རྐང་ནད་ཀྱི་འགོག་བཅོས་ཤེས་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-04   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

  རང་ཞིང་གིས2008ལོར་ཁ་ལག་རྐང་ནད་དེ་ཁྲིམས་བཀོད་ཀྱི་འགོས་ནད་དོ་དམ་ཁྲོད་དུ་བཞག་པ་ནས་བཟུང་། ནད་འབྱུང་ཚད་བསྟུད་མར་རྒྱལ་ཡོངས་ཀྱི་ཅུང་དམའ་ཤོས་ཀྱི་ཆུ་ཚད་དུ་གནས་ཡོད་ལ། སྙན་ཞུ་བྱས་པའི་ནད་དཔེ་ཚང་མ་ནད་རྟགས་ཡང་མོ་ཅན་དུ་གྱུར་ཡོད། ལོ་རེའི་ཟླ5པ་ནས་ཟླ7པ་ནི་རང་ཞིང་དུ་ཁ་ལག་རྐང་ནད་འབྱུང་ཚད་ཆེས་མཐོ་བའི་དུས་ཚིགས་རེད།

    ནད་དུག་ངོ་སྤྲོད།

    ཁ་ལག་རྐང་ནད་ཀྱི་ནད་རྟགས་ནི་སྤྱིར་བཏང་དུ་ཅུང་ཡང་མོ་ཡིན་པ་དང་། ན་ཡུན་ཉིན7ནས10བར་ཡིན། ནད་ཐོག་ལག་ལེན་ཁྲོད་དུ་ནད་འདིའི་རིགས་ནི་གཙོ་བོ་ལག་པ་དང་རྐང་པ། ཁ་ནང་བཅས་སུ་ཆུ་བུར་འབུད་པའི་རྐྱེན་གྱིས་མིང་ལ་ཁ་ལག་རྐང་ནད་དུ་འབོད། ནད་པ་མང་ཆེ་བར་ནད་འདི་འབྱུང་སྐབས། རྒྱུན་པར་སྔོན་ལ་ཚ་རྒྱག་པའི་ནད་རྟགས་མངོན་པ་དང་། དེ་ནས་ལག་མཐིལ་དང་རྐང་མཐིལ། རྐང་ལག་གི་མཛུབ་མོ། ཁ་ནང་སོགས་སུ་ཐོར་འབྲུམ་དང་ཆུ་བུར(འབྲུམ་བུའི་མཐའ་སྐོར་དམར་པོར་འགྱུར་བ)ཚངས་ཐིག་ལ་ཧའོ་སྨི2ནས4དང་ཆེ་ཆུང་ལ་འབྲས་རྡོག་ཙམ་ཡོད་པ། རིལ་མོའམ་འཇོང་དབྱིབས་སུ་མངོན་ཞིང་ན་ཟུག་ཆེ་བ་ཞིག་འབུད་པ་ཡིན། པགས་འབྲུམ་འདིའི་རིགས་ནི་ལན་རེར་ནད་པའི་དཔུང་བ་དང་གཞང་ཁར་ཡང་འབུད་པ་ཞིག་ཡིན། ཁ་ནང་དུ་འབུད་པའི་ཆུ་བུར་ནི་ལྕེ་དང་མཆུ། མིད་པ། གྲེ་བའི་གཤེར་རྨེན་བཅས་ལ་འབུད་ཅིང་། དེ་མ་ཐག་རུལ་འགྱུར་ཆུང་ངུ་རུའང་འགྱུར་བ་དང་། ནད་པར་འགྲམ་ཆུ་ལྡང་ནས(ཁ་ཆུ་བཞུར་བ)ཟས་སོགས་ཟ་སྐབས་ན་ཟུག་སྐྱེ་ཞིང་། ཐ་ན་ཟས་ཟ་བར་ཡང་གནོད་པ་ལྡན་པ་ཡིན། ནད་པ་ཁ་ཤས་ལ་གློ་ལུ་བ་དང་སྣ་ཆུ་བཞུར་བ། ཡི་ག་མེད་པ། སྐྱུག་མེར་ལངས་པ། སྐྱུག་པ། མགོ་ན་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་བ་རེད།

    འགོས་ཁྱབ་ཀྱི་ཁྱད་ཆོས།

    ཁ་ལག་རྐང་ནད་ཀྱི་འགོས་ཁྱབ་རྒྱུ་ལམ་མང་ཞིང་། ཕོ་རྒྱུ(བཤང་བ་དང་ཁ)བརྒྱུད་ནས་འགོས་ཁྱབ་འགྲོ་ཐུབ་ལ། དབུགས་ལམ(མཆིལ་མ་དང་། གློ་ལུ་པ། ཧབ་སྦྲིད་རྒྱག་པ་སོགས)བརྒྱུད་ནས་ཀྱང་འགོས་ཁྱབ་འབྱུང་ཐུབ་པ་དང་། ནད་པའི་ཁ་སྣའི་ཟགས་དངོས་དང་སྐྱི་པགས། འབྱར་བག་ཅན་གྱི་ཆུ་སེར། འབག་བཙོག་བགོས་པའི་ལག་པ་དང་ཅ་དངོས་སོགས་ལ་ཐུག་རེག་བྱུང་བས་ཀྱང་འགོས་ཁྱབ་འགྲོ་ཐུབ་སྟེ། བྱིས་སྙོར་ཁང་སོགས་མི་མང་འདུ་སར་གཞི་རྒྱ་ཆུང་ངུའི་འགོས་མཆེད་འབྱུང་སླ་བ་ཡིན། ཕྲུ་གུ་དམར་འབྱར་དང་བྱིས་པར་ཡོངས་ཁྱབ་ཀྱིས་འགོ་སླ་ཞིང་ལྷག་པར་དུ་ལོ3དང་དེའི་མན་གྱི་བྱིས་པར་འབྱུང་ཚད་ཆེས་མཐོ་བ་ཡིན། ནད་འདི་ལ་དམིགས་བསལ་རང་བཞིན་གྱི་བཅོས་ཐབས་ཤིག་མེད་ནའང་། གཞོགས་འདེགས་གསོ་བཅོས་གཙོར་བཟུང་ནས་བཅོས་ན་ནད་པ་ཕལ་ཆེ་བ་རང་བཞིན་གྱིས་དྲག་སྐྱེད་འབྱུང་ཐུབ་པ་ཡིན།

    སྔོན་འགོག་བྱེད་ཐབས།

    1.ཟླ་ངོ6ནས་ལོ5བར་གྱི་བྱིས་པརEV71སྲིན་གསོད་འགོག་ཁབ་བརྒྱབ་ཆོག

    2.མི་སྒེར་གྱི་འཕྲོད་བསྟེན་གོམས་གཤིས་དང་། བྱིས་པ་སྒེར་ངོས་དང་ཁྱིམ་ཚང་། བུ་བཅོལ་ཁང་གི་ཁོར་ཡུག་འཕྲོད་བསྟེན་ལེགས་པོ་བཅས་སྲུང་འཛིན་བྱེད་པ་ནི་ནད་འདི་སྔོན་འགོག་བྱེད་པའི་འགག་རྩ་ཡིན།

    3.མི་དར་མ་དང་བྱིས་པ་སུ་ཞིག་ཡིན་རུང་། ཟ་མ་མ་ཟོས་སྔོན་དང་སྤྱོད་ཁང་དུ་བུད་རྗེས། སྒོ་ཕྱིར་བསྐྱོད་པའི་རྗེས་ཚང་མར་འདག་རྫས་སམ་ལག་འཁྲུད་འདག་ཆུ་སྤྱད་ནས་ལག་པ་བཀྲུ་དགོས་ཤིང་། ཆུ་འཁྱགས་འཐུང་མི་རུང་ཞིང་ཟས་འཁྱགས་ཟ་མི་རུང་ལ། ཁྱིམ་ཚང་གི་གཙང་སྦྲར་མཉམ་འཇོག་བྱེད་དགོས་པ་དང་ཁང་པའི་ནང་དུ་རྒྱུན་པར་རླུང་རྒྱུ་རུ་འཇུག་ཅིང་ཉལ་གོས་དང་ལྭ་བ་རྒྱུན་པར་ཉི་མར་སྐེམ་དགོས།

    4.ནད་འདི་དར་ཁྱབ་ཆེ་བའི་སྐབས་སུ་བྱིས་པ་ཁྲིད་ནས་མི་མང་ཚོགས་ས་དང་མཁའ་དབུགས་འཁོར་རྒྱུག་ཞན་སའི་སྤྱི་པའི་འདུ་གནས་སུ་འགྲོ་མི་རུང་ཞིང་། ནད་འགོས་ཡོད་པའི་བྱིས་པ་དང་འབྲེལ་གཏུག་འབྱུང་བར་གཡོལ་དགོས།