རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-06   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།
ནད་དུག་ངོ་སྤྲོད།
རྒྱུ་མའི་འགོས་ནད་ནི་ནད་རྒྱུ་སྣ་ཚོགས་ཁ་ནང་བརྒྱུད་ནས་རྒྱུ་མར་འགོས་པར་མ་ཟད། བཤང་གཅི་དང་འདྲེས་ནས་ནད་རྒྱུ་ཕྱིར་ཕུད་ཐུབ་པའི་ནད་རིགས་ཀྱི་སྤྱི་མིང་ཞིག་ཡིན། དེའི་ནད་རྒྱུ་མང་ཆེ་ཤོས་ནི་ནད་པའམ་ནད་དུག་ཅན་གྱི་བཤང་གཅིར་འགྲོགས་ནས་ཕྱིར་ཕུད་ཅིང་། གལ་ཏེ་བདག་གཙང་མ་ཞིག་མ་བྱས་ཚེ། ཉེ་འཁོར་གྱི་ཁོར་ཡུག་ལ་སྦགས་བཙོག་ཐེབས་ཏེ། ཆུ་དང་ཟས་རིགས། ལག་པ། འབུ་སྦྲང་། འབུ་ཀྲང་ལང་སོགས་བརྒྱུད་ནས་ཁ་ལ་འགོ་བ་ཡིན།
ནད་རིགས་གཙོ་བོར་སྐྱུག་བཤལ་དང་། ཚ་ནད་དང་རྒྱུ་གཟེར། འབུ་ཕྲའི་རང་བཞིན་གྱི་འཁྲུ་ནད། རྒྱུངས་རྩའི་གཉན་ཚད། མཆིན་ཚད་ཀ་པ། མཆིན་ཚད་ཅ་པ། འགོས་མཆེད་རང་བཞིན་གྱི་བཤལ་ནད། རྒྱུ་མ་བརྒྱུད་ནས་འགོས་ཁྱབ་འབྱུང་བའི་འགོས་ནད་གཞན་དག་བཅས་འདུས་ཡོད།
འགོས་ཁྱབ་ཀྱི་ཁྱད་ཆོས།
1.འགོས་མཆེད་ཀྱི་ཁུངས་ནི་ནད་པ་དང་ནད་དུག་ཅན་ཡིན།
2.ཆུ་དང་ཟས་རིགས། ལག་པ། ཉིན་རྒྱུན་འཚོ་བའི་ཁྲོད་ཀྱི་ཐུག་རེག་དང་འབུ་སྦྲང་སོགས་བརྒྱུད་ནས་འགོ་བ།
3.མི་ཚང་མར་འགོ་སླ་བ།
སྔོན་འགོག་བྱེད་ཐབས།
རྒྱུ་མའི་འགོས་ནད་ཀྱི་འགོས་མཆེད་བྱེད་སྟངས་ནི་རིགས་འདྲ་བས། སྔོན་འགོག་བྱེད་ཐབས་ཀྱང་གཅིག་འདྲ་ཡིན།
1.ཆུ་ཁོལ་འཐུང་བ། འཐུང་ཆུའི་འཕྲོད་བསྟེན་ལ་མཉམ་བཞག་ནས་ཆུ་འཁྱགས་མི་འཐུང་བ་དང་། འགོས་ཁྱབ་ཆེ་བའི་དུས་ཚིགས་སུ་འཐུང་ཆུའི་འཕྲོད་བསྟེན་བདེ་འཇགས་ཁག་ཐེག་བྱས་ཏེ། ངེས་པར་དུ་ཆུ་ཁོལ་འཐུང་དགོས་ཤིང་། ལུས་ཆུ་ཤོར་ཚད་མང་དྲགས་པ་ལས་བསྐྱེད་པའི་ཆུ་བཤལ་འབྱུང་བ་འགོག་དགོས་ལ། རང་བྱུང་གནོད་འཚེ་འབྱུང་སྐབས། བདེ་འཇགས་ཡིན་པའི་དམ་བེའམ་ཟོམ་སོགས་སུ་བཅུག་པའི་གཏེར་ཆུ་འཐུང་དགོས།
2.ཟ་མ་ཚོས་མ་བཟའ་བ། རུལ་མྱགས་སུ་གྱུར་པའི་ཟས་མི་བཟའ་བ་དང་། ནང་སྒོས་སུ་རློན་པའམ་ཚོས་མ་རློན་གྱི་མཚོ་ཟས་དང་ཆུ་ཐོན་ཟས་རིགས་བཟའ་མི་རུང་། ཟ་མ(ཤ་དང་ཉ་ཤ སྔོ་ཚོད་སོགས)ཚོས་སུ་འཇུག་པ་དང་ཚོས་ཐག་ཆོད་རྗེས་བཟའ་དགོས། ཟས་ལྷག་འཐུང་ལྷག་དང་ཞག་ལ་བསྐྱུར་བའི་ཟ་མའི་རིགས་བསྲོས་ནས་བཟའ་དགོས། ཁྱིམ་གྱི་ཟ་མ་ཚོས་མ་དང་རློན་པ་སོ་སོར་ཉར་དགོས། ཕྱི་རུ་ཡུལ་སྐོར་བྱེད་པ་དང་གཞུང་དོན་སྒྲུབ་པ། ལས་ཀ་བྱེད་པ་བཅས་ཀྱི་སྐབས་སུ་འཕྲོད་བསྟེན་གྱི་ཆ་རྐྱེན་ལེགས་པའི་ཟ་ཁང་དུ་ཟས་བཟའ་བ་དང་། འཁྱགས་ཟས་ཀྱི་རིགས་ཅི་ནུས་ཀྱིས་ཉུང་དུ་བཟའ་བ་དང་། རབ་ཡིན་ན“མེད་པ་གསུམ”(ལས་གཉེར་དཔང་ཡིག་མེད་པ་དང་། འཕྲོད་བསྟེན་ཆོག་དཔང་མེད་པ། བདེ་ཐང་ཞིབ་བཤེར་དཔང་ཡིག་མེད་པ།)གྱི་ལམ་ཁའི་མགོ་ཐང་ཟས་རིགས་ཁྲོམ་བཀྱག་ཆུང་ངུ་རུ་བཟའ་བཏུང་རོལ་མི་རུང་། ཁོར་ཡུག་གཙང་སེལ་དང་འབུ་སྦྲང་མེད་པར་བཟོ་དགོས།
3.ལག་པ་མང་དུ་བཀྲུ་བ། རང་རྟོགས་སྒོས་འཕྲོད་བསྟེན་ལ་དང་དོད་བྱེད་པ་དང་། སྒོ་ཕྱིར་སོང་ནས་ཁྱིམ་དུ་ལོག་པ་དང་ཟ་མ་མ་ཟོས་གོང་། ཟས་རློན་པ(ཉ་ཤ ཆུ་འབུ་གློ་ཉ། སྡིག་སྲིན། འགྲོན་བུའི་རིགས་སོགས་ཆུ་ཐོན་ཟས་རིགས)ལ་ཐུག་རྗེས་ལག་པ་བཀྲུ་དགོས་ལ། འདག་རྫས་སྤྱད་ནས་ལག་པ་ཡང་དང་བསྐྱར་དུ་བཀྲུ་དགོས། བཟའ་བཏུང་སྙོམས་སྒྲིག་འོས་འཚམ་བྱེད་པ་དང་། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་ཅིང་གཉིད་འདང་ངེས་ཡོང་བར་ཁག་ཐེག་བྱེད་པའི་ཐད་མཉམ་འཇོག་བྱས་ཏེ། ཕུང་ཁམས་ཀྱི་ནད་དུག་འགོག་པའི་རིམས་འགོག་ནུས་པ་མཐོར་འདེགས་བྱེད་དགོས། །