བདེ་ཆེན་ནས་བོད་ཀྱི་དཔེ་རྙིང་སྲུང་སྐྱོང་གི་སྒོ་བྱང་ཞིག་བཀལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ7པའི་ཚེས་13ཉིན། རྒྱལ་ཁབ་དཔེ་དེབ་ཁང(རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོང་ལྟེ་གནས)གིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་པའི་ནགས་སྐེ་རགས་གཏེར་ཕུག་གི་བོད་ཡིག་དཔེ་རྙིང་སྲུང་སྐྱོང་རྣམ་གྲངས་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དཔེ་མཛོད་ཁང་དུ་དངོས་སུ་སྒོ་བྱང་བཀལ་ཞིང་།དེ་ཐོག་ནས་ནགས་སྐེ་རགས་གཏེར་ཕུག་གི་ཆོས་དཔེ་དེ་2018ལོར་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་རྗེས།སླར་ཡང་སྲུང་སྐྱོང་བེད་སྤྱོད་ཐད་འགག་རྩའི་རང་བཞིན་གྱི་གོམ་སྟབས་དང་པོ་སྤོས་པ་མཚོན་ཡོད་པ་རེད།

        ཉིན་འདིར། ཞིབ་ཚགས་ངང་བཟོས་པའི་བོད་ཀྱི་གསུང་རབ་དང་དཔེ་སྒམ་ཁག་གཅིག་བདེ་ཆེན་ཁུལ་གྱི་དཔེ་མཛོད་ཁང་ལ་བེད་སྤྱོད་བྱ་རྒྱུར་དངོས་སུ་སྤྲད་པ་དང་། གཞན་ལེགས་སྒྲུབ་བྱུང་བའི་ཤོག་ལྷེ་4556ཡོད་པའི་ནགས་སྐེ་རགས་གཏེར་ཕུག་གི་བོད་ཀྱི་གསུང་རབ་གྲངས་གཞི་ཅན་གྱི་པར་རིས་བསྣན་ནས་རྩ་ཆེའི་བོད་ཡིག་དཔེ་རྙིང་དེ་སྲུང་སྐྱོང་དང་ཉར་ཚགས་བྱེད་པའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་རྒྱུ་རེད།

        2010ལོར་བདེ་ཆེན་ཁུལ་དཔེ་མཛོད་ཁང་གི་དཔེ་རྙིང་རྟོག་ཞིབ་ཚོགས་ཆུང་གིས་ས་ཆ་དེ་གའི་སྨན་འཐུ་བའི་མི་ཞིག་གི་ཁ་ནས་ཤེས་རྟོགས་བྱུང་བར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་100ཡོད་པའི་གྲོང་ཁུལ་གྱི་བྲག་ཕུག་ཅིག་ཏུ་བོད་ཡིག་གི་དཔེ་ཆ་ཡོད་པ་མཐོང་བ་རེད། རྟོག་ཞིབ་ཚོགས་ཆུང་གིས་འཕྲལ་མར་ལས་འགོ་ཚུགས་ནས། བོད་ཡིག་གི་གསུང་རབ་སྣ་ཁ་10ལྷག་ཙམ་དང་ཤོག་ལྷེ་2000ལྷག་ཙམ་སྔོག་འདོན་བྱས། རྗེས་སུ་དེར“ནགས་སྐེ་རགས་གཏེར་ཕུག་གི་བོད་ཀྱི་གསུང་རབ”ཅེས་བརྗོད་ཀྱི་ཡོད། 2014ལོའི་ཟླ་9པར་རྒྱལ་ཁབ་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་དང་ཡུན་ནན་ཞིང་ཆེན་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་དང་བླངས་པ་དང་རྐང་འཛིན་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་དེ་དག་ལ་མྱུར་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་པ་དང་། 2018ལོའི་ཟླ་9པར་ལས་མཇུག་འགྲིལ།ཁྱོན་བོད་ཡིག་དཔེ་རྙིང་གི་ཤོག་ལྷེབ2285ཉམས་གསོ་བྱས་པ་རེད།