རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
▲ བཀྲ་ཤིས་ཆོས་འཕེལ་གླིང་གི་ཕྱིའི་བཀོད་པ།
བཀྲ་ཤིས་ཆོས་འཕེལ་གླིང་ནི་བདེ་ཆེན་ཁུལ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་ཚོ་ཡན་ཧྲང་གྲོང་མི་ཚོགས་ཆུང་དུ་ཆགས་ཡོད། ཆིང་ཆན་ལུང་ཁྲི་ལོ་གཉིས་པར་(1737ལོར)གསར་འཛུགས་གནང་ལ། ཀྲུང་ཧྭ་མིང་གོ་རྒྱལ་ཁབ་ཀྱི་སུམ་ཅུ་སོ་དྲུག་ལོ་(1947ལོར)སྒྲོལ་དཀར་སྤྲུལ་སྐུ་ཡིས་གཙོ་སྐྱོང་གནང་ནས་ཉམས་གསོ་བྱས་པ་རེད། 1985ལོ་ནས་བཟུང་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུ་སླར་གསོ་བྱུང་བ་དང་ད་ཆ་དྲུང་པ་སྤྲུལ་སྐུ་སྐུ་ཕྲེང་བཅུ་བདུན་པས་གཙོ་སྐྱོང་གནང་བ་རེད། དགོན་པ་འདི་ནི་ཀརྨ་བཀའ་བརྒྱུད་ཀྱི་དགོན་སྡེ་ཡིན། དགོན་པ་འདིའི་ཆོས་ཁང་གི་ཁོངས་གཏོགས་གཙོ་བོ་ས་དམ་གྱི་མཐའ་ཆུ་དང་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་ཆི་པིའེ་གྲོང་ཚོ། ཧའེ་ཉི་གྲོང་ཚོ། ཁྲོན་ཏ་གྲོང་ཚོ་སོགས་ཡོད་ལ། དད་ལྡན་མང་ཆེ་བ་འཇང་རིགས་ཡིན་པ་རེད། ལོ་རྒྱུས་ཐོག་བཀྲ་ཤིས་ཆོས་འཕེལ་གླིང་དར་བའི་སྐབས་སུ་གྲྭ་བ་མི་གྲངས་280ལྷག་ཙམ་ཟིན་ཡོད།
▲ མི་རིགས་སྣ་མང་གི་རིག་གནས་མཉམ་འདྲེས་བྱས་ཡོད་པའི་འདུ་ཁང་གི་སྒོ་ཆེན།
བཀྲ་ཤིས་ཆོས་འཕེལ་གླིང་གི་སྣ་མང་བརྗིད་ཆགས་ཀྱི་འཛུགས་སྐྲུན།
བཀྲ་ཤིས་ཆོས་འཕེལ་གླིང་གི་འཛུགས་སྐྲུན་གྱི་བཟོ་བཀོད་གཙོ་བོ་ནི་འདུ་ཁང་ཆེན་པོ་དང་སྒྲོལ་མ་ལྷ་ཁང་། སྲུང་མ་ཁང་། གྲྭ་ཤག་སོགས་ཡིན། འདུ་ཁང་གི་མཐོ་ཚད་ནི་ཐོག་བརྩེགས་གསུམ་ཡོད་དེ་གསུམ་བརྩེགས་ཕིབས་རྒྱ་སྟེང་བྱས་ཡོད། ཤིང་དང་ས་གཙོ་བྱས་ནས་འཛུགས་སྐྲུན་བྱས་ཡོད། ཕིབས་འོག་ནི་འདུས་ཚད་ཆེ་བའི་འཐབ་གཞུ་དབྱིབས་ཀྱི་རྒྱན་ཆ་ཡོད། ཟུར་བཞི་ནི་འཕུར་མདའ་གཤོག་པ་བརྐྱངས་པ་དང་འདྲ་ལ། སྤམ་པོ་ཆེ་བ། རྒྱ་རིགས་དང་། པའེ་རིགས། འཇང་རིགས་བཅས་ཀྱི་བཟོ་བཀོད་རིག་གནས་ཀྱི་ཉམས་འགྱུར་ཕྱོགས་བསྡུས་ཀྱིས་མཚོན་ཡོད།
▲ རྡོའི་བྱ་ཁྱུང་རང་བྱུང་།
འདུ་ཁང་ནང་རོལ་གྱི་ཕྱོགས་བཞིའི་གྱང་ངོས་སུ་སློབ་དཔོན་པདྨ་འབྱུང་གནས་དང་སངས་རྒྱས་འོད་དཔག་མེད། སྒྲོལ་མ། ཚེ་དཔག་མེད། སངས་རྒྱས་སྨན་ལྷ། རྡོ་རྗེ་ཕག་མོ་དང་སངས་རྒྱས་ཤཱཀྱ་ཐུབ་པ། རིམ་བྱོན་གྱི་ཀརྨ་པ་དང་། རིམ་བྱོན་གྱི་དྲུང་པ་སྤྲུལ་སྐུའི་ལྡེབས་རིས་སོགས་ཡོད་པ་རེད།
▲ བཀྲ་ཤིས་ཆོས་འཕེལ་གླིང་གི་གྲྭ་བས་དགོན་པའི་ནང་དུ་རྒྱལ་དར་བསྒྲེངས་བཞིན་པ།
འདུ་ཁང་ཆེན་པོའི་མཆོད་འབུལ་གཙོ་བོ་ནི་ལྕགས་རིགས་ལས་སྣོན་བཟོ་རྩལ་གྱི་ཤཱཀྱ་མུ་ནེ་དང་སྒྲོལ་མ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། ཙན་དན་གྱི་རྒྱུ་ཆ་ལས་བཟོས་པའི་ཕ་དམ་པ་སངས་རྒྱས་ཀྱི་སྐུ་འདྲ། སྲུང་མ་ཁང་དུ་མཆོད་འབུལ་གཙོ་བོ་ནི་མ་ཧ་ཀ་ལ་ཡིན། སྒྲོལ་མ་ལྷ་ཁང་དུ་མཆོད་འབུལ་གཙོ་བོ་ནི་སྒྲོལ་མ་ཉེར་གཅིག་ཡིན། རང་བྱུང་རྡོའི་ཁྱུང་ཆེན་ནི་སྒྲོལ་མ་ལྷ་ཁང་དུ་བཞུགས་ཡོད་ལ། ངག་རྒྱུན་ལྟར་ན་རྟེན་འདི་ནི་བཀྲ་ཤིས་ཆོས་འཕེལ་གླིང་གནས་སྤོ་བྱ་ཡུལ་འདེམས་པའི་སྐབས། ཀརྨ་སྐུ་ཕྲེང་བཅུ་བདུན་པས་དགོན་སར་ངོ་མཚར་ཆེ་བའི་རིན་པོ་ཆེ་ཡོད་ཅེས་གསུང་ཤིང་། དགོན་པའི་རྩིག་དུང་བརྐོ་བའི་སྐབས་སུ། ཁོང་ཉིད་ཀྱི་གསུང་ལྟར་རྩིག་དུང་ནས་བྱ་ཁྱུང་ཆེན་དང་འདྲ་བའི་རང་བྱུང་གི་རྡོ་ཆེན་པོ་ཞིག་བྱུང་བས། དེ་རྗེས་སྒྲོལ་མ་ལྷ་ཁང་དུ་བཞུགས་ནས་བཞག་པ་རེད།
▲ བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་པུའུ་ཡི་གསར་འགོད་པས་བཅར་འདྲི་བྱེད་བཞིན་པ།
བཀྲ་ཤིས་ཆོས་འཕེལ་གླིང་གི་སྒྲོལ་དཀར་སྤྲུལ་སྐུ་རིམ་བྱོན།
སྒྲོལ་དཀར་རིམ་བྱོན་ནི་བཀྲ་ཤིས་ཆོས་འཕེལ་གླིང་གི་དགོན་བདག་གི་སྤྲུལ་སྐུ་ཡིན་ལ། སྐུ་ཕྲེང་དང་པོ་ནི་སྒྲོལ་དཀར་རྒྱ་གར་ན་ལན་ཊ་མཁན་པོ་དང་སྐུ་ཕྲེང་གཉིས་པ་སྒྲོལ་དཀར་ཆོས་རྒྱས་བསྟན་པ་ནི་འབའ་ལུང་མཐའ་ཆུ་ཁྲུང་ཁོ་གྲོང་ཚོའི་མི་ཡིན། སྐུ་ཕྲེང་གསུམ་པ་སྒྲོལ་དཀར་ཆོས་ཀྱི་རྒྱལ་མཚན་ནི་ས་དམ་ཚི་མན་ནས་ཡིན་པ་དང་། སྐུ་ཕྲེང་བཞི་པ་སྒྲོལ་དཀར་ཆོས་ཀྱི་བསྟན་པ་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་པའེ་སུང་གྲོང་ཚོའི་ཡིན་པ་དང་། སྐུ་ཕྲེང་ལྔ་པ་སྒྲོལ་དཀར་ཆོས་ཀྱི་ཀུན་དགའ་ནི་ས་དམ་ཅུས་ཏེན་གྱི་མི་ཡིན། སྐུ་ཕྲེང་དྲུག་པ་སྒྲོལ་དཀར་ཆོས་ཀྱི་དབང་ཕྱུག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་པའེ་སུང་གྲོང་ཚོའི་མི་ཡིན་པ་དང་། སྐུ་ཕྲེང་བདུན་པ་སྒྲོལ་དཀར་ཆོས་ཀྱི་ཉི་མ་ནི་ས་དམ་ཅུས་ཞང་ཀུའུ་ཏུའུ་ཝན་ནས་ཡིན་པ་དང་འཇང་རིགས་ཡིན། སྐུ་ཕྲེང་བརྒྱད་པ་སྒྲོལ་དཀར་ཆོས་ཀྱི་སེང་གེ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ནས་ཡིན་པ་དང2002ལོར་སྐུ་འཁྲུངས།སྐུ་ཕྲེང་བཅུ་བདུན་པའི་དྲུང་པ་སྤྲུལ་སྐུ་དང་བཀྲ་ཤིས་ཆོས་འཕེལ་གླིང་གི་བར་ཆོས་འབྲེལ་ཟབ་མོ་ཡོད་དེ། དགོན་པ་འདིའི་འཛུགས་སྐྲུན་དང་གྲྭ་བཙུན་གྱི་སློབ་སྦྱོང་སོགས་ཀྱི་ཐད་ནས་རོགས་རམ་ཤུགས་ཆེན་གནང་བ་རེད། བསླབ་འདོམས་དང་ལེན་དང་། ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་དང་སློབ་སྦྱོང་། འགྲོ་བ་ཀུན་ལ་ཕན་པ། རྒྱལ་གཅེས་ཆོས་གཅེས་བཅས་ཀྱི་ཚད་ལོན་དགེ་འདུན་པ་གསོ་སྐྱོང་བྱེད་པར་འབད་བརྩོན་བྱས་ཡོད་ལ། ཁོང་གི་ཐུགས་ཁུར་འོག་བཀྲ་ཤིས་ཆོས་འཕེལ་དར་རྒྱས་སུ་སོང་ཡོད།
▲ འདུ་ཁང་ཆེན་པོ་ནང་གི་མཆོད་བཤམས།
བཀྲ་ཤིས་ཆོས་འཕེལ་གླིང་གི་ནང་བསྟན་ཆོས་ལུགས་ཀྱི་བྱེད་སྒོ་གཙོ་བོ།
ལོ་ལྟར་གྱི་ལུགས་རྙིང་ལོའི་ཟླ4པའི་ཚེས1ནས་ཚེས8ཉིན་བར་བཀྲ་ཤིས་ཆོས་འཕེལ་གླིང་གིས་ཞི་ཁྲོ་ཆོས་ཚོགས་འཚོགས་པ་དང་དགོན་སྡེ་ཡོངས་ཀྱི་དགེ་འདུན་པས་དཀར་ཟས་རོལ་བ་དང་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་དད་ལྡན་མང་ཚོགས་ཀྱིས་དམ་པ་གནས་ལ་མཇལ་ནས། མཇལ་སྐོར་དུས་ཆེན་གཟབ་རྒྱས་ཤིག་འཚོགས་པ་རེད། ངག་རྒྱུན་ལྟར་ནས་ཉིན་འདི་ནི་ཕ་དམ་པ་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་ཉིན་མོ་ཡིན། མཐའ་ཆུ་དང་ཉེ་འཁོར་ས་ཁུལ་གྱི་དད་ལྡན་མང་ཚོགས་མཉམ་དུ་དམ་པ་གནས་སུ་འཛོམས་ནས་བསང་གཏོང་བ་དང་། གསོལ་བ་སྨོན་ལམ་འདེབས་པ་སོགས་བྱས་ནས་ཧ་ཅང་བརྗིད་ཉམས་ལྡན། དགེ་འདུན་པ་དགོན་པར་འཛོམས་ནས་ཆོས་ཚོགས་འཚོགས་ཏེ་སྨོན་ལམ་འདེབས་པ། ལུགས་རྙིང་གི་ཟླ8པར་བདེ་འཇགས་ཆོས་ཚོགས་བསྡུས་ནས་འབྲུ་རིགས་སྣ་ལྔ་འཕེལ་བ་དང་ཕྱུགས་རིགས་སྣ་དྲུག་འཕེལ་བར་སྨོན་ལམ་འདེབས་པ། ལུགས་རྙིང་གི་ཟླ11པར་དགུ་གཏོར་དུས་ཆེན་འཚོགས་ནས་དད་ལྡན་ཕོ་མོས་རྒན་སྐྱོར་བྱིས་ཁྲིད་བྱས་ཏེ་བཀྲ་ཤིས་ཆོས་འཕེལ་གླིང་དུ་འཛོམས་ལ། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན་སོགས་ས་ཁུལ་ནས་ཡོང་བའི་དད་ལྡན་པ་ཡང་གནས་དེ་གར་འཛོམས་ནས་དམ་པ་གནས་མཆོག་ལ་མཇལ་འཕྲད་གནང་བས་ཆོས་ལུགས་ཀྱི་བྱེད་སྒོ་རྒྱ་ཆེ་བ་སྤེལ་བ་རེད།
▲དགོན་པའི་གྲྭ་བས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱེད་བཞིན་པ།
བཀྲ་ཤིས་ཆོས་འཕེལ་གླིང་དུ་ད་ཆ་གྲྭ་བ་20་ལྷག་ཙམ་ཡོད་དང་སྤྲུལ་སྐུ1བཞུགས་ཡོད་པ་རེད། དགོན་པའི་དགེ་འདུན་པ་མང་ཆེ་བས་ཁྱིམ་དུ་ཆོས་འདོན་སྒོམ་སྒྲུབ་བྱེད་པ་རེད། དགོན་པས་ནང་བསྟན་གྱི་བྱེད་སྒོ་སྤེལ་སྐབས་དགེ་འདུན་པ་རྣམས་དགོན་པར་གཅིག་སྡུད་བྱེད་ཀྱི་ཡོད། ནམ་རྒྱུན་དགེ་འདུན་པ་འགའ་རེས་མོས་ཀྱིས་དགོན་པར་བཅའ་སྡོད་བྱེད་པར་བཀོད་སྒྲིག་བྱས་ཡོད།
ད་ལོར་ལོ་ན་31ལ་སླེབས་པའི་དགོན་སྲུང་གྲྭ་བ་ཚུལ་ཁྲིམས་ཉི་མ་ནི་འཇང་རིགས་ཡིན་ལ། ཁོང་གིས་སྔོན་ཆད་དགོན་པའི་གྲྭ་རྒན་གྱིས་བཤད་པ་ལྟར་ན་དགོན་པའི་ཆ་རྐྱེན་ཧ་ཅང་དཀའ་ངལ་ཆེ་བ་དང་འགྲིམ་འགྲུལ་དང་ཆུ་སོཊ་ཚང་མ་སྟབས་བདེ་པོ་མེད་པ་རེད་ཟེར། ད་ཆ་ཨར་འདམ་གྱི་ལམ་དགོན་པའི་སྒོ་འགྲམ་དུ་སླེབས་པ་མ་ཟད་ཆུ་ཡང་ཧ་ཅང་སྟབས་བདེ་པོ་ཡིན་པ་རེད།འདི་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་བྱུང་།ང་རང་གིས་ཀྱང་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་བཀའ་ལ་ཉན་ནས་ཆོས་ཁྲིམས་དང་རྒྱལ་ཁྲིམས་སྲུང་བའི་གྲྭ་བ་ཞིག་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།
▲དགོན་པའི་གྲྭ་བས་མེ་ཏོག་མཆོད་པར་མར་རྒྱན་བཏང་བཞིན་པ།