བོད་ཀྱི་དམངས་ཁྲོད་ལོ་ཐོ་ངོ་སྤྲོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-07-29   རྩོམ་ཁུངས།    ཁམས་པའི་དྲ་བ།

        གཅིག །དམངས་ཁྲོད་དུ་ལོ་སྐོར་བཅུ་གཉིས་ཀྱི་བློ་བྱུང་ཚུལ།

        བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཡོད་པའི་རིག་གནས་ཁག་གཅིག་ནི་གནའ་དུས་ཞིང་འབྲོག་མི་དམངས་རྣམས་ཀྱིས་རང་བྱུང་ཁམས་ཀྱི་འགྱུར་བའི་སྣང་ཚུལ་ལ་བརྟག་ནས་དེའི་རྒྱུ་རྐྱེན་དང་བྱེད་ལས་སོགས་ལ་སྐབས་དེའི་སྤྱི་ཚོགས་ཀྱི་ཤེས་རིག་གི་རྒྱབ་ལྗོངས་དང་བསྟུན་པའི་རང་རང་གི་ངོས་འཛིན་བྱས་པའི་རིག་གནས་ཤིག་རེད། གནའ་བོའི་མེས་པོའི་ངག་བརྒྱུད་ཀྱི་རྒྱུན་སྤྱོད་རིག་གནས་ཞང་ཞུང་རྒན་པོའི་ངག་རྩིས་དང་། རྒན་མོ་བལ་མའི་ཟླ་རྩིས་བཅས་དང་། གཞན་ཡང་བོན་གྱི་གཏོ་མདོས་ཀྱི་ཡིག་ཚང་དག་ལས་གསལ་བ་ལྟར་ན། ངོ་ལོ་སྟོང་ཕྲག་མང་པོའི་གོང་ནས་དམངས་ཁྲོད་དུ་ལོ་ཟླ་ཞག་དུས་ཀྱི་རྣམ་བཞག་གི་རིག་གནས་བྱུང་ཡོད་པར་གསལ།

        (1)རང་བྱུང་ཁམས་ལ་བརྟག་པ། བོད་ཀྱི་ཡུལ་འདིར་རི་བོ་མཐོན་པོ་མང་པོས་བསྐོར་བའི་ལུང་ཤོད་རྣམས་སུ་གྲོང་སྡེ་རྣམས་ཆགས་ཡོད་སྟབས། ཆེས་གནའ་བོའི་དུས་ནས། ཉི་ཟླ་འཆར་ནུབ་ཀྱི་སྣང་ཚུལ་ལ་བརྟགས་ནས་ལོ་ཟླ་ཞག་གསུམ་གྱི་རྣམ་གཞག་དང་། སོ་ནམ་རྨོ་འདེབས་དང་། ལོ་ཐོག་བསྡུ་ལེན། འབྲོག་པའི་རུ་བ་སྐྱས་སྤོར་བཅས་ཀྱི་དུས་ཚོད་རྣམས་གཏན་འཁེལ་བྱེད་སྲོལ་བྱུང་འདུག དེ་ལྟར་འཚོ་བའི་རྒྱུན་སྲོལ་གཏན་འབེབས་བྱ་བའི་ཆེད་དུ། ལོ་ཐོ་གསར་གཏོད་བྱས་པ་ནི་རང་བྱུང་ཚན་རིག་ལ་རྟོག་ཞིབ་བྱ་བའི་འགོ་ཚུགས་པ་ཞིག་རེད།

        (2)ཉིན་ཞག་གཅིག་གི་དུས་ཚོད། དེའང་གནའ་བོའི་བོད་མི་རྣམས་ཀྱིས་ཐོག་མར་ཉིན་ཞག་བརྩི་སྲོལ་ནི། ཞོགས་པ་ཤར་ཕྱོགས་ནས་ཉི་མ་ཤར་ཞིང་དགོང་མོ་ནུབ་ཕྱོགས་སུ་ནུབ་ཅིང་མུན་ནག་ཏུ་གྱུར་པ་དང་། སླར་ཡང་ཤར་ཕྱོགས་ནས་ཉི་འོད་འཆར་བའི་བར། སྣང་མུན་ཆ་གཅིག་གི་ཡུན་ལ་ཉིན་ཞག་གཅིག་གི་ཡུན་ཚོད་བརྩི་སྲོལ་བྱུང་།

        (3)དུས་ཚོད་གཅིག །དུས་ཚོད་བཅུ་གཉིས་ཞེས་པ་ཉིན་ཞག་གཅིག་ལ་ཆ་བཅུ་གཉིས་བགོས་པ་ལ་ཟེར། དེ་ཡང་ནམ་ལངས་ཡོས། ཉི་ཤར་འབྲུག །ཉི་དྲོས་སྦྲུལ། ཉིན་ཕྱེད་རྟ། ཕྱེད་ཡོལ་ལུག །ཉི་རྒས་སྤྲེལ། ཉི་ནུབ་བྱ། མུན་སྲོད་ཁྱི། སྲོད་འཁོར་ཕག །ནམ་ཕྱེད་བྱི་བ། ནམ་ཕྱེད་ཡོལ་གླང་། ཐོ་རེངས་སྟག་བཅས་དུས་ཚོད་བཅུ་གཉིས་ལ་ཟེར། །

        (4)ཟླ་བ་གཅིག་གི་དུས་ཚོད། ཟླ་བ་གཅིག་ཅེས་པ་ནི། ཟླ་བའི་འཕེལ་འགྲིབ་ཀྱི་རྣམ་པ་ལ་བརྟགས་ནས་ཟླ་བ་ཞེས་པའི་དུས་ཚོད་གཏན་འཁེལ་བྱས་པ་ཞིག་རེད། ཉིན་ལྟར་ཉི་མ་ནུབ་པའི་རྗེས་སུ་ཤར་ཕྱོགས་ནས་ཟླ་བ་འཆར་འགོ་ཚུགས་པ་དང་། ཟླ་བ་ནི་ཉི་མ་ལྟར་ཉིན་ལྟར་རྣམ་པ་གཅིག་གྱུར་མ་ཡིན་པ་ཆེ་ཆུང་མ་ངེས་པ་འཆར་ཞིང་ཡོད་པ་ལ་ཞིབ་ཏུ་བརྟགས་པས། ཟླ་བ་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་དེ་ཉིན་བཞིན་ཡར་འཕེལ་ནས་ཉ་གང་བའི་དུས་རིམ་ཞིག་དང་། ཟླ་བ་ཉ་གང་བའི་མཐར་རིམ་བཞིན་མར་འགྲིབ་ཅིང་། མཐར་མེད་པར་ཆགས་པའི་འཕེལ་འགྲིབ་ཀྱི་བསྐོར་འགོ་གཅིག་གི་ཡུན་ལ་ཟླ་བ་གཅིག་ཅེས་པའི་དུས་ཚོད་དེ་བྱུང་། དེ་ལྟའི་ཟླ་བ་འཕེལ་འགྲིབ་ཀྱི་ཁོར་ཡུག་གཅིག་ལ་རགས་པ་ཉིན་ཞག་སུམ་ཅུ་ཡོད་པ་ངོས་འཛིན་བྱས་པས་ཟླ་བ་གཅིག་ལ་ཞག་སུམ་ཅུ་ཞེས་པའི་རྣམ་གཞག་འདི་བྱུང་ཡོད།

        (5)ལོ་གཅིག་གི་དུས་ཚོད། ལོ་གཅིག་ཅེས་པ་ནི། ཉི་མའི་འགྲོས་དང་བསྟུན་ནས་གཏན་འབེབས་བྱས་པའི་དུས་ཚོད་ཅིག་རེད། དེའང་ཉི་མ་ཤར་སྟོད་ནས་ལྡོག་ཅིང་རིམ་བཞིན་ལྷོ་ཕྱོགས་སུ་བགྲོད་པ་ལ་ལྷོ་བགྲོད་དང་། ལྷོ་བགྲོད་མཐར་ཐུག་པའི་ཚེ་ཉི་མ་དེ་ཤར་སྨད་ནས་ཡར་ལྡོག་སྟེ་བྱང་ཕྱོགས་སུ་བགྲོད་དེ་བྱང་བགྲོད་མཐར་ཐུག་པའི་བར་ཡུན་ལ་ལོ་གཅིག་ཟེར། དེ་ལྟའི་ལོ་གཅིག་གི་ཡུན་ལ་རགས་པ་ཉི་མ་བྱང་བགྲོད་ལ་ཟླ་བ་དྲུག་དང་། ལྷོ་བགྲོད་ལ་ཟླ་བ་དྲུག་བཅས་བསྡོམས་པས་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པར་ངོས་འཛིན་བྱས་ཡོད། དེ་ལྟར་ཟླ་བ་བཅུ་གཉིས་ཅན་གྱི་ལོ་དེ་ལའང་ལོ་བཅུ་གཉིས་ལ་ལོའི་འཁོར་ཚད་གཅིག་བྱས་ལ་ལོ་སྐོར་བཅུ་གཉིས་ཟེར།

        (6)འཇིག་རྟེན་ཆགས་ཚུལ་དང་ལོ་སྐོར་བཅུ་གཉིས་ཀྱི་སྒྲུང་། མངོན་སུམ་ཚད་མའི་སྒོ་ནས་རང་བྱུང་ཁམས་ཀྱི་གནས་ཚུལ་རྣམས་གང་འཚམས་ཤེས་རྟོགས་བྱུང་རྗེས་རིམ་བཞིན་དུ་ལྐོག་གྱུར་གྱི་འཇིག་རྟེན་ཆགས་ཚུལ་དང་། ལྷ་འདྲེའི་ཕན་གནོད་སོགས་ལ་བསམ་གཞིགས་བྱས་པའི་སྒྲུང་གཏམ་བཤད་པའི་སྐབས་སུ་སླེབས་པ་ན། འཇིག་རྟེན་ཐོག་མར་ཆགས་པའི་རྒྱུ་རྐྱེན་དང་གོ་རིམ་ནི། གནས་པའི་རུས་སྦལ་དང་། ཆགས་པའི་རུས་སྦལ། སྲིད་པའི་རུས་སྦལ་གསུམ་གྱི་རྒྱུ་རྐྱེན་དང་གོ་རིམ་ལ་བརྟེན་ནས་འཇིག་རྟེན་གྱི་ཁམས་ཆགས་པ་བཤད། ཐོག་མར་བར་སྣང་སྟོང་པའི་དབྱིངས་སུ་ཡེ་གནས་པའི་རུས་སྦལ་ཞེས་པ་འཇིག་རྟེན་གྱི་ཁམས་ཆགས་པའི་རྒྱུ་དང་། རུས་སྦལ་དེའི་ཁ་རླངས་ནས་འབྱུང་བ་རླུང་གི་དཀྱིལ་འཁོར་ཆགས་པ་ཆགས་པའི་རུས་སྦལ་ཟེར། དེ་ལྟར་གནས་ཆགས་ཀྱི་རུས་སྦལ་གཉིས་འདུས་པ་ལས་རིམ་བཞིན་ས་ཆུ་མེ་རླུང་གི་དཀྱིལ་འཁོར་དང་ཤར་ལྷོ་ནུབ་ཕྱོགས་སོགས་ཕྱོགས་བཞི་མཚམས་བརྒྱད། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། གནས་པའི་ས་བདག་བདུན་ཅུ་རྩ་གཉིས་སོགས་ཕན་གནོད་གཉིས་ལྡན་གྱི་འཇིག་རྟེན་གྱི་ཁམས་འདི་ལ་སྲིད་པའི་རུས་སྦལ་སེར་པོ་ཟེར། དེ་ལས་ལོ་སྐོར་བཅུ་གཉིས་ཇི་ལྟར་ངོས་འཛིན་བྱུང་བའི་སྒྲུང་ཇི་ལྟར་བྱུང་བ་མདོར་བསྡུས་ཞིག་ངོ་སྤྲོད་པར། བེེ་དཀར་ལས། རུས་སྦལ་སྐྱེ་མཆེད་བཅུ་གཉིས་ལས། བྱུང་བའི་ལོ་བརྙན་བཅུ་གཉིས་ནི། །འགྲོ་བ་མཐའ་དག་ཕོ་མོ་ཡིས། སྐྱེ་བའི་ལས་རྣམས་བྱེད་པ་ལྟར། །བུ་ནི་ཆུང་བ་ཁམས་སྒུར་དང་། །བུ་མོ་ཆུང་བ་ཟིན་ཤིང་གཉིས། །བྱི་ཤོར་བ་ཡི་བྱི་བ་སོགས། །ལྟས་ངན་མགོ་བརྙན་བཅུ་གཉིས་བྱུང་། ཞེས་དང་། དེ་ཡང་དྲང་སྲོང་ཆེན་པོ་ཡིས། །གངས་ཀྱི་བྱི་བ་ཞོན་བྱུང་བ། །བྱི་བ་ལོ་འགོར་བཞག་པ་ཡིན། ཞེས་སོགས་སྲིད་པའི་རུས་སྦལ་ལས་མཆེད་པའི་སྤར་ཁ་བརྒྱད་པོ་ནང་ཕན་ཚུན་བྱི་ཤོར་བ་ལས་ལྟས་ངན་མགོ་བརྙན་ཅན་གྱི་ནལ་ཕྲུག་སྐྱེས་པའི་སྒྲུང་འདི་ཡིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་དུ་གནའ་བོའི་དུས་ནས་གཉེན་ཚན་བར་ལ་འཁྲིག་སྤྱོད་ནི་ཤིན་ཏུ་མི་རུང་བའི་ལྟས་ངན་གྱི་བྱ་སྤྱོད་ཡིན་པ་གསལ་བཤད་བྱས་ཡོད། ཡང་། དེ་ལྟར་སྤར་ཁ་དེ་བརྒྱད་ལས། །བུ་ཚ་མིང་སྲིང་བཅུ་གཉིས་བྱུང་། །ཟིན་ལས་སྟག་ཡོས་མིང་སྲིང་གཉིས། །ཟོན་ལས་བུ་འབྲུག་ལི་མེ་ལས། །རྟ་སྦྲུལ་མིང་སྲིང་གཉིས་ཀྱང་བྱུང་། །ཁོན་ལས་བུ་མོ་ལུག་སྐྱེས་ཏེ། །དྭ་ལས་བྱ་སྤྲེལ་མིང་སྲིང་གཉིས། །ཁེན་གྱི་བུ་ནི་ཁྱི་རུ་བྱུང་། །ཁམ་ལས་བྱི་ཕག་མིང་སྲིང་གཉིས། །གིན་གྱི་བུ་མོ་གླང་སྲིད་དོ། །ཞེས་སོགས་གསུངས། དེ་ལས་ལོ་སྐོར་བཅུ་གཉིས་པོ་སོ་སོའི་ལོ་ལ་ཕྱོགས་བཞི་མཚམས་བརྒྱད་དུ་གནས་པའི་ཧལ་ཁྱི་ལ་སོགས་ས་བདག་གདུག་རྩུབ་ཅན་རྣམས་ཀྱི་གནས་ཕྱོགས་དང་། ས་བདག་མེད་པའི་ཕྱོགས་གཙང་སོགས་ཀྱི་གནས་སྟངས་སྐོར་གཤམ་གསལ་ལྟར་སྟབས་བདེའི་རེའུ་མིག་ལས་ཤེས་པར་གྱིས་ཤིག །

        (7)རོང་ལུགས་ཟླ་བ་བཅུ་གཉིས། ཟླ་བ་བཅུ་གཉིས་པོ་དེ་དག་རེ་རེ་མཚོན་བྱེད་དུ་སྲོག་ཆགས་བཅུ་གཉིས་བྱུང་བར། 1.གཅན་གཟན་གྲ་འདོན་པ་སྟག་གི་ཟླ་བ། 2.སེམས་ཅན་རྣམས་སྒྱིད་པ་གྱོལ་ཞིང་ཚང་དྲུང་ཡིབ་པ་ཡོས་ཀྱི་ཟླ་བ། 3.འབྲུག་སྐད་འདོན་པ་འབྲུག་གི་ཟླ་བ། 4.སྦྲུལ་ཤི་ལ་ལངས་པ་སྦྲུལ་གྱི་ཟླ་བ། 5.རྟ་རྣམས་སོས་ཞིང་རྒོད་མས་རྟེའུ་འདྲེན་པས་རྟའི་ཟླ་བ། 6.སྤང་ལྗང་གི་ལོགས་སུ་ལུག་རྣམས་འགྲངས་པས་ལུག་གི་ཟླ་བ། 7.ཤིང་ཐོག་སྨིན་པས་སྤྲེའུ་དགའ་བ་སྤྲེའུ་ཟླ། 8.བྱ་གཟན་མ་བུ་གཉིས་ཀ་འབྲང་བ་བྱ་ཡི་ཟླ་བ། 9.ཁྱི་རྣམས་ཚང་ལང་ཞིང་གྲོང་སྟོང་དུ་རྒྱུ་བ་ཁྱིའི་ཟླ་བ། 10.ཕག་ཕྲུག་འཚར་བས་ཕག་གི་ཟླ་བ། 11.བྱི་བ་རྣམས་ཕྱིར་མི་རྒྱུ་བ་ཁུང་དུ་འགྲངས་བ་སྡོད་པ་བྱི་བའི་ཟླ་བ། 12.རྩྭ་ཟ་ཆུ་འཐུང་དལ་པོར་སྡོད་པ་གླང་གི་ཟླ་བ། ཞེས་ཟེར།

        (8) འབྲོག་ལུགས་ཀྱི་ཟླ་བ་བཅུ་གཉིས། ས་མཐོའི་འབྲོག་སྡེ་རྣམས་ཀྱིས་རང་ཡུལ་གྱི་ཁོར་ཡུག་གི་འགྱུར་བ་དང་འབྲེལ་བའི་ཟླ་བ་སོ་སོའི་ངོས་འཛིན་སྲོལ་ལ། 1.ཁྱིའི་ཕྲུག་གུ་སྐྱེ་བའི་ཟླ་བ། 2.ཕག་གི་མདོག་ལྟར་རི་ནག་ཐང་སྔོན་གྱི་ཟླ། 3.བྱི་བའི་སྐེ་ལྟར་སྤོ་ཐོའི་སྐེ་སྔོན་པོར་གྱུར་པའི་ཟླ་བ། 4.གླང་གི་འགྲོས་ལྟར་དལ་ཞིང་ཉིན་མོ་རིང་བའི་ཟླ་བ། 5.སྟག་གི་ལུས་ལྟར་སྤང་ངོགས་སུ་མེ་ཏོག་བཀྲ་བའི་ཟླ་བ། 6.ཡོས་བུ་ཚང་ནས་བརྡོལ་བའི་ཟླ་བ། 7.འབྲུག་གི་སྐད་ཆག་པའི་ཟླ་བ། 8.སྦྲུལ་གྱི་པགས་པ་བརྗེ་བའི་ཟླ་བ། 9.རྟའི་ཤེ་མོང་རྒྱས་པའི་ཟླ་བ། 10.ལུག་གི་སྤུ་མདོག་དཀར་བའི་ཟླ་བ། 11.སྤྲེལ་ལྟར་ལྷག་རླུང་མྱུར་བའི་ཟླ་བ། 12.བྱ་ཁྱུ་ལྟར་ཐལ་རླུང་འཚུབ་པའི་ཟླ་བ། ཞེས་ཟེར།

        (9)དུས་ཚིགས་ཀྱི་འགྱུར་བར་བརྟག་པ། ཞིང་འབྲོག་སྡེ་འབངས་རྣམས་ཀྱིས་སྲོག་ཆགས་རིགས་ཀྱི་འཕོ་སྐྱས་དང་བྱ་འགུལ་ལ་བརྟགས་ནས་དུས་བཞི་ངོས་བཟུང་བ་ནི། བྱ་འོ་ལེ་སླེབས་པ་དང་། བྱ་ལོང་བྱང་དུ་འཕུར་བ་དང་། བྱིའུ་ཅོ་ཀས་སྐད་ཅོར་རྒྱེབ་པའི་དུས་རྣམས་དཔྱིད་དུས་མཚོན་བྱེད་དང་། བྱ་ཁུ་བྱུག་གི་སྐད་གྲགས་པ་དབྱར་དུས་མཚོན་བྱེད། འོ་ལེ་དང་ཁུ་བྱུག་མོན་དུ་ལོག་པ།འཕྱི་བ་མལ་དུ་ཉལ་བ། བྱ་ལོང་ལྷོར་ལོག་བཅས་སྟོན་དུས་མཚོན་བྱེད། ཤྭ་བས་ངུ་སྐད་བཏོན་པ་དང་། བྱ་རོག་གིས་ཚང་གསོགས་པ་སོགས། དགུན་དུས་མཚོན་བྱེད་ཀྱི་དུས་ངོས་འཛིན་བྱས་ཡོད།

        (10)རང་བྱུང་གི་རྟགས་སྣ་ཚོགས་ལ་བརྟག་པ། ཟླ་བའི་འགྲོས་དང་རྒྱུ་སྐར་ཉེར་བརྒྱད་འགྲོགས་ཚུལ་ལ་བརྟགས་ནས། ཉིན་རེའི་གཟའ་སྐར་བཟང་ངན་བརྟགས་ཐབས་སོགས་ཞིང་འབྲོག་མི་དམངས་རྣམས་ཀྱིས། རང་བྱུང་ཁམས་ལ་བརྟག་དཔྱད་བྱས་པའི་ཆར་པ་བརྟག་པའི་རྩིས། སེར་བ་བརྟག་པའི་རྩིས། འཇའ་ཚོན་བརྟག་པའི་རྩིས། རང་བྱུང་གི་སྒྲ་སྐད་བརྟག་པའི་རྩིས། ས་གཡོས་བརྟག་པའི་རྩིས།གཟའ་རྣམས་མཐོང་ཚུལ་གྱི་བརྩིས། སྐར་མདའ་བརྟག་པའི་རྩིས། བྱ་སྐད་བརྟག་པའི་རྩིས། ཉ་དྲུག་འཛོམས་པའི་རྩིས། ཟླ་བའི་རྭ་ལ་བརྟག་པའི་རྩིས། སྤྲིན་པར་བརྟག་པའི་རྩིས་སོགས། ཉམས་མྱོང་ཕྱོགས་བསྡོམས་བྱས་པས་རྩིས་འགོ་བརྒྱ་པ་ཞེས་པའི་བསྟན་བཅོས་འདི་བྱུང་ཡོད།

        (11)ལོ་གཅིག་ལ་དུས་ཚིགས་གསུམ། དེ་ལྟར་ཕྱི་རོལ་ཡུལ་གྱི་དུས་ཁམས་ཀྱི་འགྱུར་བ་དང་བསྟུན་ནས་ས་ཁད་མཐོ་བའི་ཡུལ་དུ་མི་རྣམས་ཀྱིས་ལོ་གཅིག་ལ་དུས་ཚིགས་གསུམ་ངོས་འཛིན་ཞིང་དྲོད་དུས་འགོ་ཚུགས་པ་ལ་དཔྱིད་ཀའི་དུས་དང་། དྲོད་དུས་ལ་དབྱར་ཀ །གྲང་དུས་ལ་དགུན་ཁ་ཞེས་པའི་དབྱེ་བ་དང་ཐ་སྙད་བྱུང་འདུག །

        (12)ལོ་གཅིག་ལ་དུས་ཚིགས་དྲུག །ས་ཁད་དམའ་བའི་ཡུལ་དུ་ཕྱི་རོལ་དུ་དྲོ་གྲང་འགྱུར་བ་དེ་ལས་མང་བར་ཤེས་ནས་ལོ་གཅིག་གི་ནང་དུ་དྲོད་དུས་འགོ་ཚུགས་པ་ལ་དཔྱིད་ཀ་དང་། དེ་ལས་དྲོ་བའི་དུས་ལ་སོས་ཀ །དེའི་རྗེས་སུ་དབྱར་ཀ །ལོ་ཏོག་སྨིན་ཞིང་གྲང་དུས་འགོ་ཚུགས་པར་སྟོན་ཀ །དེ་ལས་གྲང་བའི་དུས་ལ་དགུན་སྟོད། ཤིན་ཏུ་གྲང་བའི་དུས་ལ་དགུན་སྨད་ཅེས་དབྱེ་སྲོལ་བྱུང་འདུག །

        (13)ལོ་སྐོར་བཅུ་གཉིས། བྱི་བ་དང་། གླང་། སྟག །ཡོས་སོགས་ལོ་རེ་ལ་ལོ་རྟགས་རེ་སྦྱར་བས་ལོ་སྐོར་བཅུ་གཉིས་དང་། རང་རང་སྐྱེས་ནས་ལོ་སྐོར་བཅུ་གཉིས་འཁོར་བའི་རྗེས་སུ་སླར་ཡང་རང་ལོ་དེར་སླེབ་པ་ན་རང་སྐེག་ཅེས་ཟེར།

        (14)ལོ་རྟགས་སྲོག་ཆགས་ཀྱིས་མཚོན་དོན། 1.དུས་མཚོན་བྱེད་ཀྱི་སྲོག་ཆགས་བཅུ་གཉིས་དེ་ཉིན་ཞག་གཅིག་ལ་སྦྱར་བས་དུས་ཚོད་བཅུ་གཉིས་བྱུང་སྟེ། ནམ་ལངས་ཡོས། ཉི་ཤར་འབྲུག་སོགས་ཉིན་ཞག་གཅིག་གི་སྣང་མུན་གྱི་ཆ་མཚོན་བྱེད་དུ་གྱུར་ཡོད་པ་དང་། 2.ཟླ་བ་བཅུ་གཉིས་ལ་སྦྱར་བས་དེ་ཕྱི་རོལ་གྱི་ཁོར་ཡུག་གི་དྲོ་གྲང་གི་འགྱུར་བ་མཚོན་བྱེད་དང་། 3.ལོ་ལ་སྦྱར་བའི་ལོ་སྐོར་བཅུ་གཉིས་ནི་གང་ཟག་སོ་སོའི་ལུས་སྲོག་ལ་བདེ་སྡུག་གི་འགྱུར་བ་གང་ཡོང་མཚོན་བྱེད་དུ་གྱུར་ཡོད།

        གཉིས། ཀུན་གྱིས་བལྟ་བདེ་བའི་རི་མོའི་ལོ་ཐོ་བྱུང་ཚུལ།

        (15) རི་མོའི་ལོ་ཐོ། བོད་ཀྱི་ལོ་ཐོ་ནི་བོད་ཡིག་མེད་པའི་སྐབས་ནས་བྱུང་བའི་རིག་གནས་ཞིག་ཡིན་སྟབས། ཆེས་གནའ་བོའི་ལོ་ཐོ་ནི་རི་མོ་ཁོ་ན་ལས་གྲུབ་པ་ཞིག་རེད། ཟླ་བ་བཅུ་གཉིས་པོ་སོ་སོར་མཚོན་བྱེད་དུ་སྟག་ཡོས་སོགས་ཀྱི་གཟུགས་བརྙན་བྲིས་ཤིང་། ཟླ་བ་རེའི་ཉིན་ཞག་སུམ་བཅུ་མཚོན་བྱེད་དུ་རེའུ་མིག་སུམ་ཅུ་བཅད་ཅིང་། ཉི་མ་རེ་རེའི་རེས་གཟའ་མཚོན་བྱེད་གཟའ་ཉི་མ་ལ་ཉི་མའི་གཟུགས། ཟླ་བ་ལ་ཟླ་བའི་གཟུགས། མིག་དམར་ལ་མིག །ལྷག་པ་ལ་ལག་པ། ཕུར་བུ་ལ་ཕུར་པ། པ་སངས་རྒྱལ་མོ་རྣ་ལུང་ངམ་ཡང་ན་རལ་གྲི། སྤེན་པ་ལ་རི་རྩེ་གསུམ་ཅན་ནམ་ཡང་ན་ཕོ་མཚན་བཅས་ཀྱི་གཟུགས་བྲིས་ཤིང་། རྒྱུ་སྐར་གང་ཞིག་མཚོན་བྱེད་ལ་དེའི་གཟུགས་ཀྱི་རི་མོ་སོགས་བྲིས་ཡོད་པ་དེ་ནི་མཁས་བླུན་སུས་ཀྱང་བལྟས་ན་ལྟ་བདེ་ཞིང་ཤེས་སླ་བ་ཞིག་ཡིན་སྟབས། རྒྱ་གར་གྱི་ནང་ཆོས་དར་ཁྱབ་ཆེར་མེད་པའི་བོད་ཀྱི་ལུང་པ་ཁུག་ཀྱོག་རྣམས་སུ་དུས་ཕྱིས་བར་བེད་སྤྱོད་བྱེད་སྲོལ་བྱུང་འདུག །