ཤེས་གསལ་ལྟར་ན། རྣམ་སྲས་གྲོག་རོང་ཆེན་མོ་ནང་མཐོ་གྲང་གི་ཁབ་ལོའི་ནགས་ཚལ་དང་། མཐོ་གྲང་གི་སྤང་ལྗོངས། རི་མཐོའི་བྲག་བརྐོས་བྲག་རྡོ་སོགས་སྐྱེ་ཁམས་མ་ལག་སྣ་ཚོགས་ཡོད་པ་དང་། པེ་ཅིང་སློབ་ཆེན་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་ཡུན་རིང་ཞིབ་འཇུག་བྱས་པ་ལས་མངོན་པ་ལྟར་ན། མིག་སྔར་གསའ་དང་གཟིག དྲེད་མོང་། སྤྱང་ཀི། གཡི་སོགས་ཀྱི་གཅན་གཟན་སྣ་ཚོགས་ཐོ་འགོད་བྱས་པ་དང་། དེ་ནི་གཙང་གསུམ་འབྱུང་ཡུལ་གཅན་གཟན་ཆེ་གྲས་ཀྱི་གྲངས་འབོར་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད། ལོ་འདི་དག་རིང་ཉིན་རེ་བཞིན་སླར་གསོ་བྱུང་བའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱིས་རང་བྱུང་ཉམས་ལེན་སྤེལ་བར་ཆ་རྐྱེན་གལ་ཆེན་མཁོ་འདོན་བྱས།
ཀུན་དགའ་བསམ་འཕེལ་གྱིས“གསོ་སྦྱོང་བྱས་པའི་འབྲོག་པས་རང་བྱུང་ཉམས་ལེན་པའི་སྣེ་ཁྲིད་དེ་རང་བྱུང་ཁམས་ལ་ལྟ་ཞིབ་དང་རི་སྐྱེས་སྲོག་ཆགས་ཀྱི་གནས་ཚུལ་ཐོ་འགོད་བྱེད་པ། དེ་དང་ཆབས་ཅིག་བྱ་འགུལ་གྱི་ཕན་འབྲས་ས་གནས་འབྲོག་པར་ཚུར་སྣང་བྱས་ནས་ཁོ་ཚོར་སྐྱེ་ཁམས་མ་ལག་ཡག་པོ་ཞིག་གི་ཁྲོད་ནས་ཕན་ཐོགས་པར་བྱེད་པ་དེ་ནི་གཙང་གསུམ་འབྱུང་ཡུལ་གྱི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རིར་འགྱུར་བའི་དཔེ་སྟོན་གལ་ཆེན་ཞིག་ཀྱང་རེད”ཅེས་བཤད།
“འབྲོག་པའི་ལམ་སྟོན་པས་ང་ཚོར་སྐྱེ་དངོས་རིགས་འཚོལ་ཞིབ་དང་ཐོ་འགོད་བྱེད་རོགས་བྱས་ཤིང་། རང་བྱུང་ལྟ་ཞིབ་འདི་ཡིས་ང་ཚོར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་གང་ལེགས་ཀྱིས་ཚོར་དུ་བཅུག་པར་མ་ཟད། བྱ་འགུལ་གྱི་མྱོང་ཚོར་ཡང་ངའི་སྔོན་དཔག་ལས་ཡོངས་སུ་བརྒལ་ཡོད”ཅེས་ཀོང་ཏུང་ནས་ཡོང་བའི་རང་བྱུང་ལྟ་ཞིབ་ལ་དགའ་མཁན་མཱ་ཅང་ནན་གྱིས་དེ་ལྟར་བཤད། རང་བྱུང་ལྟ་ཞིབ་ལ་དགའ་བའི་མི་མང་པོས་ཀྱང་མ་འོངས་པར་མུ་མཐུད་དུ་གོ་སྐབས་བཙལ་ནས་ཡང་བསྐྱར“བྱི་ལའི་གྲོག་རོང་ཆེན་མོར”ཡོང་ནས་རང་བྱུང་ཉམས་ལེན་དང་ལྟ་ཞིབ་བྱ་རྒྱུ་ཡིན་ཟེར།
སྐབས་འདིའི་རང་བྱུང་ལྟ་ཞིབ་དུས་ཆེན་ལས་ཐད་ཀའི་ཡོང་འབབ་སྒོར་ཁྲི10ལྷག་ཙམ་བྱུང་བ་དང་། མིག་སྔར་ལས་གཞིའི་སྤྱིའི་ཡོང་འབབ་སྒོར་ཁྲི200ཙམ་ཟིན་ཡོད། ཡོང་འབབ་དེའི45%སྣེ་ལེན་ཞུ་བའི་ཁྱིམ་ཚང་ལ་དབང་བ་དང་། 45%གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ལ་གཏོགས་ཤིང་། 10%རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐེབས་རྩའི་བསྡུར་ཚད་ལྟར་བགོ་བཤའ་རྒྱག་རྒྱུ་ཡིན་ཞིང་། སྐྱེ་ཁམས་སྲུང་སྐྱོང་དང་ས་གནས་འཕེལ་རྒྱས་ལ་ལྟ་རྟོག་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཁྲོད་འབྲོག་པ་ཚོར་རྒྱུན་མཐུད་ངང་ཕན་ཁེ་བསྐྲུན་རྒྱུ་རེད། །