ཆང་བསྲེས་མ། ༼གཏམ་རྒྱུད་ཐུང་ཡང་གནས་ལུགས་ཟབ།༽

རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-08-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཀྲུང་གོ་དང་ཨུ་རུ་སུ། ཧྥ་རན་སི། འཇར་མན།  དབྱི་ཐ་ལི།  ཨ་མེ་རི་ཁ་བཅས་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རེ་གསོལ་སྟོན་རྒྱ་ཆེན་པོ་ཞིག་ནང་དུ་ཞུགས། གསོལ་སྟོན་གྱི་བར་སྐབས་སུ་མི་རེ་རེས་རང་རང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་བྱས་ནའང་།   ཨ་རི་བས་ཅི་ཡང་མི་སྨྲ་བར་ཕྱོགས་གཅིག་ནས་བདུད་རྩི་ཁ་ལ་མྱོང་བ་དང་། ཡང་ཕྱོགས་གཅིག་ནས་ངོ་ལ་འཛུམ་ལངས་ཞོར་བཟི་མདངས་མངོན་པའི་མི་གཞན་ལ་བལྟས་ནས་ཅེར་འདུག  

    རྒྱལ་ཁབ་གཞན་པའི་སྐུ་མགྲོན་ཚོས་ཨ་རི་བའི་བཟོ་ལྟ་མཐོང་རྗེས་མཐོང་ཆུང་གིས་ངང་ནས་ཁྱོད་ལ་དོན་དག་ཅི་བྱུང་སོང་།ང་ཚོ་ཁས་མི་ལེན་པ་ཨེ་ཡིན་ཟེར་ནས་ཟུར་མིག་གིས་བལྟས། དེས་ན་ཀྲུང་གོ་བས་རང་གི་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དྲོ་བ་ཞིམ་པའི་མའོ་ཐའེ་ཆང་གཞན་ལ་དྲངས།   དེའི་ཞོར་ལ་ཨུ་རུ་སིའི་མི་དེས་ཆང་ཁ་བཙན་པའི་ཧྥུའུ་ཐུ་ཅ་གཞན་ལ་དྲངས།  དེའི་རྗེས་ནས་ཧྥ་རན་སིའི་མི་དེས་ཞང་པེན་དང་།  དབྱི་ཐ་ལིའི་མི་དེས་རྒུན་ཆང་དྲངས།    མཐའ་མར་འཇར་མན་བ་དེས་ཝེ་ཧྲི་ཁེ་དྲངས་ནས་ཧབ་ཆ་རྒྱབ།    མི་ཚང་མས་ཨ་རི་བས་ཆང་ཅི་ཞིག་འདྲེན་རྒྱུ་ཡིན་ནམ་སྙམ་ནས་རེ་སྒུག་བྱས།

     བསམ་ཡུལ་འདས་པ་ཞིག་ལ།ཨ་རི་བ་དེ་འཚུབ་ཆ་གཅིག་ཀྱང་ལངས་ཀྱི་མི་འདུག    རེ་ཞིག་ཅོག་ཙེའི་ཐོག་གི་ཆང་ཕོར་སྟོང་བ་ཞིག་བླངས་ནས་རྒྱལ་ཁབ་རེ་རེ་ནས་འཁྱེར་ཡོང་བའི་ཆང་ཉུང་ངུ་རེ་རང་གི་ཆང་ཕོར་ནང་བླུགས་པ་དང་།ཆང་ཕོར་དཀྲུགས་དཀྲུགས་བྱེད་བཞིན།   འདིའི་མིང་ལ་ཆང་བསྲེས་མ་ཞེས་ཟེར་ཞིང་།  ད་ལྟ་གཞི་ནས་ཆང་བསྲེས་མ་འདི་ཁྱོད་ཚོ་ལ་དྲངས་པ་ཡིན།   ང་ཚོ་ནི་གཞན་གྱི་ལེགས་ཆ་བསྡུ་ལེན་བྱས་ནས་ཕྱོགས་བསྡུས་གསར་གཏོད་བྱེད་པར་སྤྲོ་ཞིང་།  འདིས་ཏག་ཏག་ང་ཚོ་ཨ་རིའི་མི་རིགས་ཀྱི་དགོངས་པ་མཚོན་གྱི་ཡོད་ཅེས་བརྗོད་བྱུང་།  སྐད་ཆ་འདི་གོ་རྗེས།  རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་མགྲོན་ཚོ་ཧ་ལས་ཤིང་ཧངས་སངས་ནས་ཅེར་དགོས་བྱུང་། 

     ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད་པའི་རྒྱལ་ཁབ་ཞིག་ནི་འཛམ་གླིང་གི་སྟོབས་ལྡན་རྒྱལ་ཁབ་དུ་འགྱུར་བར་ངེས་པར་དུ་མི་རྣམས་ཧང་སངས་བར་བྱེད་པའི་འཇོན་ཐང་ཁྱད་པར་བ་ཞིག་ཡོད་པ་ཁོ་ཐག་རེད།


    གལ་ཏེ་གཞན་གྱི་འཇོན་ཐང་དང་ལེགས་ཆ་བསྡུ་ལེན་བྱས་ནས་རང་ཉིད་ཀྱི་ལུས་སྟེང་དུ་སྤྱད་པ་ཡིན་ན་ཤེས་རབ་དང་ལྡན་པར་འགྱུར་ཐུབ། ཡིན་ནའང་ཤེས་རབ་དང་ལྡན་པར་བྱེད་པ་ལ།   ངེས་པར་དུ་རྩེར་སོན་པའི་མིག་རྒྱང་ཞིག་དང་།   ཁོག་རྒྱ་ཡངས་པོ་ཞིག    གོ་དོན་མཐིལ་རྟོགས་པའི་ནུས་པ་ཞིག་ངེས་པར་དུ་འཛོམས་དགོས།