རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-02   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
དེ་ཡང་། སྤྱི་ལོ2022ལོའི་ཟླ8པའི་ཚེས21ཉིན་དང་། ཚེས24ཉིན། ཚེས26ཉིན་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་ཐོ་འགོད་ཀྱི་ཆོག་མཆན་ཡིག་ཆ་འགྲེམས་སྤེལ་བྱས་ཏེ། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཞིབ་འཇུག་གསར་བཟོ་གནང་ནས་རེ་ཞུ་བྱས་པའི་རིམས་ནད་འགོག་བཅོས་ཀྱི་ཁྱད་ལྡན་བོད་སྨན་ཏེ། ཁྱུང་སྔོན་དགུ་པ་དང་། ཕུར་ནག་དགུ་ཐང་། སྤྲུ་ནག་ཉེར་དགུ། སྤང་རྩི་བཅུ་གཉིས། ཤིང་ཀུན་བརྒྱད་པ། སྤང་རྒྱན་བཅུ་པ། དྲང་སྲོང་ཨར་བརྒྱད། ཨ་གར་བརྒྱད་པ་བཅས་བོད་སྨན་བརྒྱད་ཐོ་འགོད་ལེགས་གྲུབ་བྱུང་ནས་སྨན་རྩིས་ཁང་དུ་བེད་སྤྱོད་བྱས་ཆོག་པ་མ་ཟད་དོན་དངོས་ཀྱི་དགོས་མཁོ་ལྟར་སྨན་ཁང་གཞན་དུ་ཡང་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་ཛ་དྲག་འཕྲལ་སྒྲུབ་སྒྲིག་གཞི་ལག་བསྟར་དང་། རིགས་གཅིག་མཁས་པ་སྒྲིག་འཛུགས་ཀྱིས་གསོ་རིག་སློབ་དཔོན་ཆེན་མོ་དགྲ་འདུལ་གྱི་མཛུབ་སྟོན་འོག་སྨན་རྩིས་ཁང་གི་འགོ་འཛིན་གཞོན་པ་ཡུམ་པ་ལགས་ཀྱིས་ཚན་ཞིབ་ཁྲུའུ་དང་། སྨན་སྦྱོར་ལྟེ་གནས། སྨན་རྫས་ཚན་ཁག དེ་བཞིན་ནད་ཐོག་སྨན་བཅོས་ཚན་ཁག་བཅས་ཀྱི་འགན་འཁུར་མི་སྣ་ལས་གྲུབ་པའི་ཚན་ཞིབ་འགག་སྒྲོལ་ཚོགས་པའི་སྣེ་ཁྲིད་དེ་འཕྲལ་དུ་ནད་ཐོག་ཞིབ་འཇུག་དང་། ཛ་དྲག་འགག་སྒྲོལ་གནང་ནས་ཁྱུང་སྔོན་དགུ་པ་དང་། ཕུར་ནག་དགུ་ཐང་། སྤྲུ་ནག་ཉེར་དགུ། སྤང་རྩི་བཅུ་གཉིས་སོགས་བོད་སྨན་གྱི་ནད་ཐོག་སྨན་བཅོས་ཕན་འབྲས་ལ་བལྟ་ཞིབ་གནང་ཐོག་སྨན་སྦྱོར་དེ་དག་ཐོ་འགོད་རེ་ཞུ་ཐུབ་ཆེད་སྟ་གོན་ལེགས་པར་གནང་ཡོད། སྤྱི་ཟླ8པའི་ཚེས8ཉིན། བོད་ལྗོངས་སུ་རིམས་ནད་ཐོན་ཚུན། སྨན་སྦྱོར་ལྟེ་གནས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཆེད་མངགས་མི་སྣ་སྒྲིག་འཛུགས་ཀྱིས་ཉིན་མཚན་དབྱེར་མེད་ཐོག་ལས་ཀ་འཕར་མ་གནང་བས་སྨན་སྦྱོར་རེ་ཞུའི་ཡིག་ཆ་ལེགས་སྒྲིག་གི་ལས་དོན་དུས་ཐོག་ཏུ་ལེགས་གྲུབ་བྱུང་བ་མ་ཟད་སྤྱི་ཟླ8པའི་ཚེས21ཉིན་དང་། ཚེས23ཉིན། ཚེས26ཉིན་བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ལ་སྨན་རྫས་ཐོ་འགོད་ཀྱི་ཆོག་མཆན་ཡིག་ཆ་ཁག་དབྱེ་ནས་གོང་འབུལ་ཞུས་ཡོད། བོད་རང་སྐྱོང་ལྗོངས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་ཁང་གི་སྨན་སྦྱོར་ཐོ་འགོད་བླང་བྱ་གཞིར་བཟུང་། རྩ་དོན་རྒྱུན་འཁྱོངས་དང་དམིགས་བསལ་གནས་ཚུལ་དམིགས་བསལ་ཐོག་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་ཐོག་ཏུ་ཞིབ་བཤེར་ཆོག་མཆན་སྤྲོད་པའི་ལས་དོན་སྤེལ་ཏེ་དུས་ཡུན་ཉིན་གཅིག་ནང་ཁྱུང་སྔོན་དགུ་པ་དང་། ཕུར་ནག་དགུ་ཐང་། སྤྲུ་ནག་ཉེར་དགུ། སྤང་རྩི་བཅུ་གཉིས་སོགས་བོད་སྨན་རིགས་བརྒྱད་ལ་སྨན་བཅོས་ཚན་པའི་སྨན་རྫས་ཐོ་འགོད་ཀྱི་ཆོག་མཆན་སྤྲད་ཡོད། 《བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཀྲུང་ལུགས་བོད་ལུགས་གསོ་རིག་གི་འགོག་བཅོས་ཇུས་གཞིའི་ཚོད་ལྟའི་པར་མ་བཞི》པའི་ནང་། ཕུར་ནག་དགུ་ཐང་། སྤྲུ་ནག་ཉེར་དགུ། སྤང་རྩི་བཅུ་གཉིས། སྤང་རྒྱན་བཅུ་པ། ཨ་གར་བརྒྱད་པ་སོགས་བོད་སྨན་ཁག་ལྔ་སྨན་རྩིས་ཁང་ནང་ཁུལ་གྱི་སྨན་བཅོས་སྨན་རིགས་ཁོངས་སུ་བཅུག་ཡོད། ད་ཐེངས་ཆོག་མཆན་ཐོབ་པའི་སྨན་སྦྱོར་ཐོ་འགོད་ཨང་རྟགས་ཀྱིས་བོད་སྨན་ཐོན་སྐྱེད་དང་མཁོ་སྤྲོད་ལ་འགན་སྲུང་ནུས་ལྡན་ཐུབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་བོད་སྨན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།