རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-09-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སྔར་ཕྱི་གླིང་དུ་གཞོན་ནུ་ཞིག་ཡོད་པ་དེས་རང་གི་ལྟོ་རྒྱབ་ཀྱི་གནད་དོན་ཐག་གཅོད་ཆེད། ཉེ་འགྲམ་གྱི་རྒུམ་ཆང་བཟོ་གྲྭ་ཞིག་ཏུ་གླ་བྱེད་པར་སོང་། ཁོའི་ལས་ཀ་ནི་ལས་བཟོ་བ་ཚང་མས་ངལ་གསོས་ནས་ཁྱིམ་དུ་ལོག་རྗེས། ཆང་བསྙལ་བྱེད་ཀྱི་ཤིང་ཟོ་རྣམས་བཀྲུས་ནས་གཙང་ཕྱི་བྱེད་པ་དང་གྲལ་བསྒྲིགས་ནས་འཇོག་རྒྱུ་དེ་རེད།འདི་ནི་ཁོ་ལ་མཚོན་ན་དོན་དག་དཀའ་མོ་ཞིག་མིན་ནའང་། མཚན་རེར་རླུང་ནག་འཚུབ་མ་གཡུག་ནས་ལེགས་པར་གྲལ་བསྒྲིགས་ཟིན་པའི་ཤིང་ཟོ་རྣམས་གཡས་ལོག་གཡོན་འགྱེལ་དུ་གཏོང་སྲིད་པས་ཁོ་རང་ཅི་བྱ་གཏོད་མེད་དུ་གྱུར་བ་དང་། རེ་རེ་བཞིན་ཡར་སླངས་ནས་འཇོག་དགོས།
ཉིན་ཞིག་ཁོས་ལས་ཀ་ཚང་མ་ལེགས་འགྲུབ་བྱུང་ནའང་། རླུང་ལྡང་བས་ཤིང་ཟོ་རྣམས་ཕར་གཡུག་ཚུར་གཡུག་བྱས་ཤིང་བཙོག་པར་བཟོས། ན་གཞོན་དེ་སེམས་སྡུག་ནས་ངུ་ངུག་ཀྱང་ཤོར། གལ་ཏེ་སང་ཉིན་ཞོགས་པར་སྦྱིན་བདག་གིས་ཤིང་ཟོ་རྣམས་ལེགས་པར་བསྒྲིགས་མེད་པ་ཤེས་ན་ཅིས་ཀྱང་ཁོ་ལ་གཤེ་གཤེ་གཏོང་ངེས་ལ། ལས་གནས་འདི་ཤོར་ཉེན་ཡང་ཆེ། གནས་ཚུལ་འདི་ལ་དམིགས་ནས་ཁོང་གིས་ཅིས་ཀྱང་ཤིང་ཟོ་རྣམས་མི་འགྱེལ་བའི་ཐབས་ཤིག་མཁོ་བར་དགོངས་ནས་བསམ་གཞིགས་ཡང་ཡང་བཏང་བ་ན།མཐའ་མར་ཐབས་ཤེས་བཟང་བོ་ཞིག་རྙེད་བྱུང་། ཁོས་ཉེ་འགྲམ་གྱི་ཆུ་མིག་ནས་ཆུ་ཟོ་གང་བླངས་ཏེ་ཤིང་ཟོའི་རེ་རེའི་ནང་དུ་བླུགས་པ་དང་། དེ་ནས་འཚབ་འཚུབ་ངང་ཁྱིམ་དུ་ལོག་ནས་གཉིད་ལ་རོལ།
ཕྱི་ཉིན་ཁོ་རང་རྒུམ་ཆང་བཟོ་གྲྭར་སོང་ནས་ཤིང་ཟོ་རེ་རེར་བལྟ་དུས།དེ་དག་ཚང་མ་རླུང་གིས་སྒུལ་མ་ནུས་པར་ལེགས་པར་གྲལ་བསྒྲིགས་ནས་བཞག་ཡོད་པས་མཐོང་བས་སེམས་ལ་དགའ་སྤྲོ་སྐྱེས་པའི་མོད་ལ། བལྟས་ཡོང་ན་ཤིང་ཟོ་དག་གཡས་ལོག་གཡོན་འགྱེད་དུ་གྱུར་བ་ནི་དེ་དག་གི་ལྗིད་ཚད་ཡང་མོ་ཡིན་པས་ཡིན་ལ། གལ་ཏེ་དེ་དག་གི་ལྗིད་ཚད་ཇེ་ལྗིད་དུ་བཏང་ན་རླུང་བུས་ཀྱང་སྒུལ་ཐུབ་ཀྱི་མི་འདུག་ཅེས་ཁེར་ལབ་ཅིག་ཀྱང་བྱས།
རེད་ཡ། རང་སྟེང་གི་ལྗིད་ཚད་ཇེ་ལྗིད་དུ་བཏང་བ་ཡིན་ན། རླུང་བུས་ཡར་ལོག་མར་འགྱེད་གཏོང་ཐུབ་ཀི་མ་རེད། ང་ཚོས་རླུང་ལ་བཅོས་སྒྱུར་གཏོང་མི་ཐུབ་ཅིང་། འཇིག་རྟེན་འདི་དང་སྤྱི་ཚོགས་སྟེང་གི་དངོས་པོ་མང་པོ་ཞིག་ལ་བསྒྱུར་བཀོད་གཏོང་མི་ཐུབ། ཡིན་ནའང་ང་ཚོས་རང་ཉིད་ལ་འགྱུར་ལྡོག་བཏང་ཆོག ང་ཚོས་རང་སྟེང་གི་ལྗིད་ཚད་དང་ང་ཚོའི་སེམས་ཁམས་ཀྱི་ཁོད་རྒྱ་ཇེ་ཡངས་དུ་བཏང་ཆོག དེ་ལྟར་བྱས་ན་ང་ཚོས་བརྟན་བརླིང་གི་སྒོ་ནས་འཚོ་བ་རོལ་ཆོག་ཅིང་།རླུང་དང་བྱ་དངོས་གཞན་པས་གནོད་པ་སྐྱེལ་ཐུབ་པ་མ་རེད། རང་སྟེང་གི་ལྗིད་ཚད་ཇེ་ལྗིད་དུ་གཏོང་བ་ནི། གཞན་གྱིས་ཁྱེད་རང་མགོ་རྟིང་སློག་མི་ཐུབ་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། དེ་མིན་རང་ཉིད་ཡང་དྲགས་པ་ཡིན་ན། ཁྱོད་རང་གཞན་གྱིས་འཁུར་སྲིད་ལ་བརླག་པའི་ཉེན་ཁའང་ཆེའོ།།