རྩོམ་པ་པོ།   ཅོ་བྱང་སྐར།   ཡིག་བསྒྱུར།       དུས་ཚོད།   2022-09-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྩོམ་པ་པོ། ཅོ་བྱང་སྐར།
ཁྱེད་ཀྱི་སེམས་རྒྱ་ཅི་ཙམ་ཆེ་ན་ཁྱེད་ལ་གྲུབ་འབྲས་ཀྱང་རང་བཞིན་གྱིས་མང་དུ་འཕེལ་ངེས།སེམས་རྒྱ་ཆེན་པོ་བྱོས་དང་ཁྱེད་ཀྱི་མི་ཚེ་ལ་ཡིད་ལས་འགོངས་པའི་མཚར་སྡུག་ལྡན་ངེས། ཁྱེད་ཀྱིས་དཔེ་གཟིགས་གནང་པའི་དཔེ་ཆ་ཡིས། ཁྱེད་ཀྱི་བསམ་བློའི་ཟབ་ཚད་ལ་ཤན་འབྱེད་བྱ་སྲིད།
དཔེ་གཟིགས་ལ་ཕྱོགས་མི་འདྲ་མང་དུ་ཡོད་ངེས་ཏེ། བདུད་རྩི་ཆང་དམར་བཞིན་ལྕེ་ཡི་མྱོང་རོལ་གྱིས་ལྟ་བ། ཐོག་འབྲུག་གློག་གསུམ་བཞིན་སེམས་ཀྱི་ཚབ་ཚུབ་ཀྱིས་ལྟ་བ། མི་ན་ལི་ཧྲ་བཞིན་མིག་གི་ལོངས་སྤྱོད་ཀྱིས་ལྟ་བ། གྲྭ་བཙུན་བློ་རྒྱུགས་བཞིན་གདངས་མཐོའི་གྱེར་འདོན་གྱིས་ལྟ་བ་སོགས་འགའ་རེ་བཀོད་ཡོད།
ཟླ་འོད་དང་སྐར་འོད་ཇེ་གསལ་ཡིན་པའི་སྐབས་སུ། དཔེ་ཀློག་ལ་ཞུགས་ཐུབ་པ་དེ་ལེགས་འཛོམས་ཀྱི་གོམས་གཤིས་ཤིག་ཡིན་ལ། མི་དང་མི་ཡི་ཁྱད་པར་རམ་རྒྱང་ཐག་དེ་དུས་ཚོད་ལྷག་མ་ལས་འབྱུང་ངེས།
མི་ཞིག་གི་མི་ཚེའི་ལས་དབང་དེར་དགོང་མོའི་ཆུ་ཚོད་བརྒྱད་པ་ནས་ཆུ་ཚོད་བཅུ་པའི་བར་ཏུ་གནམ་སའི་དབྱེ་བ་འབྱུང་ངེས། དགོང་མོ་རེ་རེ་ལ་ཆུ་ཚོད་གཉིས་གཉིས་བེད་སྤྱད་དེ་དཔེ་ཀློག་དང་སྒྲིབ་སྦྱོངས། མནོ་བསམ་གཏོང་པ་དང་། ཡང་ན་དོན་སྙིང་ཡོད་པའི་གཏམ་བཤད་དང་བགྲོ་གླེང་སོགས་སུ་ཟབ་ཞུགས་བྱ་ཐུབ་ན། ཁྱེད་ཀྱིས་རང་གི་མི་ཚེ་ལ་འགྱུར་ལྡོག་འབྱུང་དང་འབྱུང་བཞིན་ཡོད་པ་ཚོར་སྲིད་ལ། དེ་ལྟར་ལོ་མང་པོ་ཞིག་ལ་རྒྱུན་འཁྱོངས་བྱ་ཐུབ་སོང་ན། རྒྱལ་ཁའི་ལག་ཟུང་གིས་ཁྱེད་ལ་འཛུམ་ཤིག་ཤིག་གིས་སྣེ་ལེན་བྱ་ངེས།
དཔེ་ཀློག་མང་དུ་བྱས་ན། ཁྱེད་ལ་རང་བཞིན་གྱིས་འགྱུར་ལྡོག་འབྱུང་ངེས། དུས་སྐབས་མང་པོ་ཤིག་ལ། ཁྱེད་ཀྱིས་རང་ཉིད་ཀྱི་དཔེ་ཀློག་བྱས་པའི་ཤེས་རིག་རྣམས་ཆུ་མོའི་རྒྱུན་དང་སྨུག་པའི་ཁ་རླངས་བཞིན་ཡལ་འགྲོ་བ་དང་དྲན་པའི་ངོས་སུ་ཅི་ཡང་མེད་པར་སྣང་མོད། ཁྱེད་ཀྱིས་གཞན་ལ་ཁ་བརྡ་བྱེད་པའི་དུས་ཀྱི་སྐད་ཆ་དང་འཚོ་གནས་ཁོར་ཡུག་ཁྲོད་ནས་མངོན་པའི་སེམས་རྒྱ། མ་ཟད་གོམས་གཤིས་ཀུན་སྤྱོད་སོགས་ཀྱི་ཁྲོད་དུ་གབ་སྦས་སུ་ཡོད་ལ། ད་དུང་འཚོ་བ་དང་ཡིག་ཚོགས་ཁྲོད་ནས་ཡང་མངོན་ཐུབ།
ཆས་ཟིན་པའི་བགྲོད་ལམ་རིང་མོ་དེས་ཁྱེད་ཀྱི་མིག་རྒྱང་གི་རིང་ཐུང་དང་ཡངས་དོག་ཤན་འབྱེད་བྱ་ཐུབ་ལ། མི་གཅིག་གི་མིག་རྒྱང་ནི་མི་དེས་འཇིག་རྟེན་ཁམས་ལ་ཅི་ལྟར་ལྟས་ཡོད་པ་དང་ཅི་ཞིག་མཐོང་མྱོང་པ། ལྟ་སའི་གནད་དེ་གང་ཡིན་པ་སོགས་དང་འབྲེལ་བ་ཆེན་པོ་ཡོད་ལ། དེ་ཡིས་ཁོའི་ངེས་ཤེས་དང་གནད་དོན་ལ་ལྟ་བའི་ཁ་ཕྱོགས་ལ་ཤན་འབྱེད་བྱ་ཐུབ།
མི་གཅིག་སྐས་རིམ་རེ་རེ་བཞིན་ཡར་ལ་འགོས་པ་ན། ཁོའི་མིག་ལམ་གྱི་མཐོང་ཆོས་ཡང་དེ་དང་འགྲོགས་ནས་ཇེ་ཡངས་དང་ཇེ་མང་དུ་འགྲོ་སྲིད། མིག་རྒྱང་ཡང་ཇེ་ཡངས་དང་མཐོང་ཆོས་ཇེ་མང་དུ་གྱུར་པ་དང་བསྟུན་ནས། རང་ཉིད་ཀྱི་ལྗིད་ཚད་དང་ཟབ་ཚད་སོགས་ལག་མཐིལ་གྱི་རི་མོ་བཞིན་གསལ་ཡོང་ངེས།
དེ་ལྟར་རང་ཉིད་ཁེངས་སྐྱུང་ཇེ་ཆེ་དང་གཞན་པར་བརྩི་བཀུར་ཇེ་ཆེར་འགྱུར་ལ། སེམས་ཁམས་ཡང་དེ་དང་བསྟུན་ནས་ཧམ་སེམས་དང་དོན་དངོས་དང་མི་མཐུན་པའི་རེ་བ་སོགས་ཉུང་ནས་ཉུང་དུ་འགྲོ་སྲིད། སྐབས་དེར་ཁྱེད་རང་དཀྱེལ་ཡངས་སུ་འགྱུར་སྲིད་ལ། མ་འོངས་པ་དང་སྤྱི་ཚོགས་ཀྱི་འགའ་འདུ་མང་པོ་སྤྲོ་སེམས་དང་དགའ་སྣང་གིས་དང་ལེན་བྱ་མཁན་ཞིག་ཏུ་འགྱུར་ངེས།
ཁྱེད་དང་མཇལ་འཛོམས་བྱུང་པའི་མི་ཡིས། ཁྱེད་ཀྱི་མིག་རྒྱང་གི་མཐོ་དམའ་ཤན་འབྱེད་བྱ་ཐུབ་ལ། ཕུལ་བྱུང་གི་མི་དང་ལྷན་གཅིག་འཛོམས་ཐུབ་ན། ཁྱེད་ཡང་རང་བཞིན་གྱིས་ཕུལ་བྱུང་དུ་འགྱུར་ངེས།
ཧྥུ་ལན་ཁི་ལིན་གྱིས་འདི་ལྟར་གསུངས་མྱོང་ཏེ། ཁྱེད་ལ་རོགས་རམ་བྱེད་པའི་མི་ཞིག་དང་ཁྱེད་ཀྱིས་རོགས་རམ་བྱེད་པའི་མི་གཉིས་ལས། ཁྱེད་ལ་རོགས་རམ་བྱེད་པའི་མི་ཡིས་ཁྱེད་ལ་རོགས་རམ་བྱེད་པའི་འདུན་པ་བླ་ལྷག་ཆེ། དེ་བས་ང་ཚོས་རང་ཉིད་ལ་རོགས་རམ་བྱེད་པའི་མི་ཞིག་འཚོལ་སྙེག་བྱ་རྒྱུ་ནི་གལ་ཆེ། དེ་ལྟར་རང་གཞན་གཉིས་ཀྱི་བསམ་དོན་ཡིད་བཞིན་འགྲུབ་ངེས།
ཁྱེད་ལ་ཁོང་ཁྲོ་བསྩལ་མྱོང་བའི་དོན་དག་གང་དེས། ཁྱེད་ཀྱི་སེམས་རྒྱའི་ཡངས་དོག་ཤན་འབྱེད་བྱ་ཐུབ། མི་ཚེ་གཅིག་གི་རིང་ལ། ཁྱེད་ལ་མཁོ་བ་ནི་དམག་འཁྲུག་དང་བཙན་གནོན། འགྲན་རྩོད། དཔལ་འབྱོར། གོ་གནས་སོགས་མིན་པར། མི་གཞན་ལ་མཁོ་གལ་ཆེ་བའི་མི་ཞིག་བྱ་རྒྱུ་དང་རང་སེམས་རང་ལ་དབང་བའི་འཚོ་བ་རོལ་རྒྱུ་དེ་རེད། མ་ཟད་ཤེས་རིག་གི་རྩལ་དྲུག་རྫོགས་དགོས་ལ་སྙིང་སྟོབས་ཀྱི་ཁྲབ་རྨོག་ཚང་དགོས། དེ་ན་ད་བཟོད་ཕ་རོལ་བོའི་གུས་བཀུར་དང་ཁས་ལེན་ཐོབ་ངེས། །
སེམས་རྒྱ། བསམ་གཞིགས། མི་གསོན་པོར་གནས་ཡོད་དུས་སུ་སྒོར་མོ་མེད་པ་ནི་གནས་སྐབས་ཙམ་རེད། གནས་བབ་ཀྱི་མིག་རྒྱང་དང་སེམས་རྒྱ་མེད་པ་ནི་རང་ཉིད་འཆི་ལམ་དུ་བརྫངས་པ་དང་མཚུངས་པས། གནས་བབ་ཀྱི་མིག་རྒྱང་དང་སེམས་རྒྱ་མེད་ན་ཁྱོན་ཡོངས་སམ་སྤྱི་ཡོངས་ཟེར་བ་ཞིག་གང་ནས་ཡོང་། མི་ཞིག་ཡིན་ན་གནས་བབ་ཀྱི་མིག་རྒྱང་དང་སེམས་རྒྱ་ཆེན་པོ་ཞིག་ཡོད་དགོས་ལ། དེ་ལྟར་ཁྱེད་ཀྱིས་རྨོ་འདེབས་ཁོ་ནར་དོ་སྣང་བྱེད་པ་ལས་འབྲས་བུ་དང་ཁེ་ཕན་སོགས་ལ་སེམས་ཁུར་བྱ་མི་དགོས། དུས་དེར་ཐོན་ཚེ་དགོས་དགོས་ཚང་མ་རང་བཞིན་གྱིས་ཐོན་སྲིད། །
གནས་བབ་ལ་མིག་རྒྱང་ཡོད་པ་དང་སེམས་རྒྱ་ཆེན་པོ་ཡོད་པའི་མིག་ཞིག་བྱ་བར་རེམ་དགོས་ན་ཆ་རྐྱེན་མང་དུ་འཛོམས་དགོས་མོད། དེ་དག་ལས་འགའ་རེ་དྲངས་ན། གཅིག དཔའ་འཛོམས་དགོས། མི་སུ་དང་གང་ཡིན་རུང་། ལས་གང་དང་ཅི་བསྒྲུབ་རུང་དཔའ་འཛོམས་དགོས། དཔའ་འཛོམས་ན་གོ་སྐབས་མིག་མདུན་དུ་སླེབས་ཚེ་འཛིན་བཟུང་བྱ་ཐུབ་ལ། དེ་མིན་གོ་སྐབས་མིག་མདུན་དུ་ཐོན་རུང་། ཐེ་ཚོམ་དང་སོམ་ཉིའི་དབང་གིས་གསེར་ལས་དཀོན་པའི་གོ་སྐབས་དེ་དང་རང་བཞིན་གྱིས་གྱེས་འགྲོ་ལ། འགྱོད་སེམས་རྗེས་ནས་སྐྱེས་ན་བླུན་པོའོ།གཉིས། བློ་གྲོས་ལྡན་དགོས། ལས་གང་ཞིག་གམ་བྱ་དངོས་གང་ཞིག་གི་ཁྲོད་དུ་གནས་པའི་ཆོས་ཉིད་ཕྲ་མོ་དེ་འཛིན་ཐུབ་མིན་ལས། མི་ཞིག་ལ་བློ་གྲོས་ལྡན་མིན་ཤན་འབྱེད་བྱ་ཐུབ། ང་ཚོས་ལས་ཞིག་གམ་ཡང་ན་དོན་དག་ཅིག་བསྒྲུབ་པའི་སྐབས། རྙོག་འཛིང་རང་བཞིན་དང་སྣ་མང་རང་བཞིན། གནོད་ཕན་རང་བཞིན་དང་འགའ་འདུའི་རང་བཞིན། གཙོ་ཕལ་རང་བཞིན་གྱིས་མགོ་འཐོམ་དུ་འཇུག་ངེས། མ་ཟད་ལམ་ཕྱོགས་གཞན་ཞིག་ཏུ་ཁྲིད་ནས་མཐའ་མར་ཁྱེད་ལ་ཕམ་ཁའི་དཔའ་རྟགས་སྦྱིན་ངེས། གསུམ། མཐོང་རྒྱ་ཡངས་དགོས། མི་ཞིག་ལ་ཡིད་ཚིམ་པའི་བརྡ་འཕྲིན་དང་མཁོ་ངེས་མདང་ངེས་ཀྱི་རྒྱུ་ཆ་ཡོད་པ་མ་ཟད། མཐོང་རྒྱ་ཡང་ཡངས་པོ་ལྡན་ན། ད་བཟོད་རང་ཉིད་ཀྱི་མཐོང་རྒྱ་ཆེ་རུ་གཏོང་ཐུབ། མཐོང་རྒྱ་ཆེ་རུ་གཏང་ཐུབ་སོང་ན། རང་ཉིད་ཀྱིས་རྒྱུས་ལོན་མི་ཐུབ་པ་དང་རང་ཉིད་ཀྱིས་གསལ་ཁ་འབྱེད་མི་ཐུབ་པའི་དོན་དག་མང་པོ་ཞིག་གསལ་པོར་རྟོགས་ངེས། བྱ་དངོས་ཀྱི་འཕེལ་རྒྱས་དང་ཆོས་ཉིད་གསལ་པོར་རྟོགས་ཐུབ་སོང་ན། མ་འོངས་པའི་ལམ་ཕྱོགས་དང་ཁ་ཕྱོགས་ལ་ཡང་དག་པའི་ཤན་འབྱེད་བྱ་ཐུབ། བཞི། བརྩེ་བ་ཡོད་དགོས། གཞན་ཕན་གྱི་ལྷག་བསམ་ལྡན་པ་དང་སེམས་དང་བསམ་པ་རྩེ་གཅིག་གིས་མི་དམངས་བསམ་པའི་མི་ཞིག་ཡིན་ན། ཁོའི་མིག་རྒྱང་དང་སེམས་རྒྱ་ངེས་པར་ཏུ་ཡངས་ངེས། རུའུ་ལུགས་དང་ཏོའོ་ལུགས། ནང་བསྟན་སོགས་གང་ཡིན་རུང་ཚང་མས་གཞན་ཕན་གྱི་ལྷག་བསམ་གསུངས་བཞིན་ཡོད་པ་རེད། གཞན་ཕན་གྱི་ལྷག་བསམ་ལྡན་པ་ན་ང་ཚོའི་ཀུན་སྤྱོད་དེ་ཡང་རང་བཞིན་གྱིས་ཡ་རབས་ཏུ་བརྩི་ཆོག །དེ་ལྟར་ང་ཚོ་ཕྲག་དོག་དང་ང་རྒྱལ་སོགས་ཀྱིས་འཐམས་པའི་ཚོགས་སྤྱི་དེ་དང་བྲལ་ཏེ། ལྷད་མེད་ལྷག་བསམ་ལྡན་པའི་མིག་ཞིག་ཏུ་འགྱུར་ངེས། ལྔ། འགན་འཁྲིའི་འདུ་ཤེས་ལྡན་དགོས། འགན་འཁྲིའི་འདུ་ཤེས་ལྡན་ན། འགན་ཁུར་པའི་སྙིང་སྟོབས་ལྡན་ངེས། དེ་ལས་ལྡོག་ན་ང་ཚོས་གླེང་བཞིན་པའི་མིག་རྒྱངས་དང་སེམས་རྒྱ་དེ་ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེན་གསེར་གྱི་ཐིག་པའི་དཔེ་རུ་འགྱུར་ངེས་སོ། །
མདོར་དྲིལ་ན། རང་གིས་རང་ལ་རྙོག་དྲ་མ་བཟོ། རང་གིས་གཞན་ལ་ཞེ་སྡང་མ་འཇོག །རང་ཚིག་གཅིག་གིས་གཞན་བརྒྱ་མ་གཅོད། གཞན་ཚིག་གཅིག་གིས་རང་ལུགས་མ་བསྒྱུར། །