རྩོམ་པ་པོ།   ཚེ་དོན།  ཡིག་བསྒྱུར།       དུས་ཚོད།   2022-09-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
དུས་རབས་ཉི་ཤུ་བའི་ལོ་རབས་སུམ་ཅུའི་ནང་། ཡ་ཧུ་དཱ་བའི་ཆོས་པ་ཞིག་གིས་འཇར་མན་ནས་ཆོས་སྤེལ་མགོ་བརྩམས། ཆོས་པ་འདི་ལ་གོམས་གཤིས་ཤིག་ཡོད་པ་ནི། ཉིན་རེའི་ཞོགས་པར་སྔ་མོ་ནས་མལ་ལས་ལངས་ཏེ་ཆུ་ཚོད་ཕྱེད་ཀའི་རིང་རྐང་ཐང་ལ་འཆམ་འཆམ་དུ་འགྲོ་རྒྱུ་དེ་ཡིན། འཆམ་འཆམ་དུ་འགྲོ་བའི་ལམ་ཁ་ནས་ཁོ་རང་མི་སུ་ལ་འཕྲད་ཀྱང་ཁོང་གིས་འཛུམ་མདངས་དང་བཅས་ཁམས་བཟང་ཞེས་འཚམས་འདྲི་ཞུ་ངེས་ཡིན། མིང་ལ་མིས་ལིས་ཟེར་བའི་ས་དེའི་ན་གཞོན་ཞིག་ཡོད་པ་དེ་ཆོས་པ་འདི་དང་འཕྲད་ཐེངས་མང་ཞིང་། ཆོས་པས་ཐེངས་རེ་ལ་ཁམས་བཟང་ཞེས་འཚམས་འདྲི་བྱེད་ཡོང་དུས། མིས་ལིས་ཀྱིས་དང་ལེན་མེད་པར་སུན་སྣང་དང་སྣང་མེད་ཀྱི་སྒོ་ནས་ཁ་ཡ་ཆེར་མ་བྱས། ཟླ་འགའི་རིང་གི་དུས་ཚོད་བརྒྱུད་པ་ན། ཆོས་པ་དེའི་ལྷད་མེད་ཀྱི་འཛུམ་མདངས་དང་བཅོས་མིན་གྱི་འཚམས་འདྲི་ལས་ན་གཞོའི་ཁོའི་སེམས་བསམ་པ་དང་བྱ་སྤྱོད་ལ་འགྱུར་ལྡོག་བཏང་བ་དང་། ཉིན་ཞིག་གི་ཞོགས་པར་ཁོས་ཀྱང་ཆོས་སྤེལ་མཁན་ལ་ཁམས་བཟང་ཞེས་བཤད་ཞོར་འཚམས་འདྲིའི་ལག་བརྡ་བཏང་། ལོ་འགའི་རྗེས་ནས། ལོག་སྤྱོད་གཤོག་ཁག་ཅིག་གིས་འཇར་མན་གྱི་སྲིད་དབང་བསྒྱུར། ཉིན་ཞིག་གི་ཞོགས་པར། ལོག་སྤྱོད་གཤོག་ཁག་གིས་ཆོས་པ་དང་། ན་གཞོན་མིས་ལིས་འདུས་པའི་གྲོང་ཚོ་ཡོངས་ཀྱི་མི་ཐམས་ཅད་གཅིག་ཏུ་བསྡུས་ནས་བཀག་ཉར་བྱས་པ་དང་ངན་གཡོ་བཅངས། དཔོན་ཚུགས་དོད་པའི་དམག་རྒན་ཞིག་གིས་ཁྲོ་ཉམས་དང་བཅས་བཀག་ཉར་བྱས་པའི་མི་རེ་རེའི་གདོང་ལ་བལྟ་བཞིན་ཁ་ནས་གཡས། གཡོན། གཡས། གཡོན་ཞེས་བསྒྲགས་པ་དང་། གཡས་གཡོན་གཉིས་སུ་ཕྱེས་པ་ན། གཡོན་གྱི་མི་རྣམས་ནི་དཔོན་པོ་དེའི་བློར་མི་འབབ་ཅིང་ལུས་སྟོབས་ཞན་པའི་རིགས་ཡིན་པས་གསོད་གྲབས་འཐེན་ཡོད། གཡས་ཀྱི་མི་རྣམས་ལ་ད་དུང་གསོན་པའི་རེ་བ་ཙམ་ཡོད། ཡུན་རིང་ཞིག་མ་འགོར་བར། དཔོན་པོ་དེས་ལག་ལ་དབྱུག་པ་བཟུང་ནས་ན་གཞོན་མིས་ལིས་ཀྱི་མདུན་དུ་ཐོན་པ་དང་། སྤྱན་འབུར་ཚུགས་ཀྱི་ངང་ནས་ཁོང་གི་གདོང་ལ་བལྟ་བཞིན་གཡས་དང་གཡོན་གྱི་ཁྱད་པར་ཕྱེས་རན་པ་ན། ན་གཞོན་མིས་ལིས་ཀྱིས་རང་བཞིན་གྱི་ངང་ནས་དཔོན་པོ་དེ་ལ། སྐུ་ཞབས་ལགས་ཁམས་བཟང་ཞེས་འཚམས་འདྲི་ཞིག་ངག་ནས་ཤོར། སྤྱིར་ན་སྐྲག་སྣང་གི་ཁྲོད་ནས་ཁོས་བཤད་པའི་སྐད་ཆ་དེ་སྒྲ་ཆུང་ཞིང་ནུས་མེད་ཅིག་ཏུ་སྣང་ཡང་། སྐད་ཆ་དེ་ཏག་ཏག་དཔོན་པོ་དེས་གོ་བྱུང་། འཚམས་འདྲི་འདི་ལ་བརྟེན་ནས། དཔོན་པོ་དེས་རེ་ཞིག་ཅི་མི་སྙམ་པའི་ཐག་གཅོད་བྱེད་མཚམས་བཞག་ནས་མདང་རྒྱག་ཙམ་བྱས་པ་དང་། ན་གཞོན་མིས་ལིས་གཡས་ཕྱོགས་སུ་བསྐྱལ་ཆོག་པའི་བརྡ་བསྟན། བརྡ་དེ་ལས་ན་གཞོན་མིས་ལིས་ལ་འཚོ་སྡོད་ཀྱི་རེ་བ་ཞིག་ཐོབ་ཡོད་པ་མཚོན་ཡོད།
བལྟས་ཡོང་ན། མི་ཞིག་ལ་སེམས་འགུལ་ཐེབས་སུ་འཇུག་དགོས་ན། མ་རྩ་ཆེན་པོ་ཞིག་དང་སྦྱིན་པ་མང་བོ་ཞིག་གཏོང་དགོས་པའི་ངེས་པ་མི་འདུག མཚམས་འགའ་རེར་ཁྱོད་ཀྱི་ལྷག་བསམ་ཀྱི་འཚམས་འདྲིའི་སྐད་ཆ་གཅིག་གིས་ཀྱང་ཕ་རོལ་བའི་སེམས་ལ་དྲོད་སྣང་སྟེར་ཐུབ་ཀྱི་ཡོད། གལ་ཏེ་ཁྱོད་ཀྱིས་འཚམས་འདྲི་གཅིག་གི་རིན་ཐང་ཅི་ཙམ་ཡིན་ཞེས་འདྲི་བའི་དབང་དུ་བཏང་ན། བདག་གིས་དེའི་ལན་ལ། མཚམས་རེར་འཚམས་འདྲི་གཅིག་གི་རིན་ཐང་ནི་ཚེ་སྲོག་གཅིག་གི་རིན་ཐང་དང་མཚུངས་སོ་ཞེས་བཤད་སྤྲོ་བ་ཡིན།