རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-26   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞིབ་འཇུག་ཚོགས་པས་བསྐྱར་བཞེངས་བྱས་པའི་མཚེའུ་ངོས་དྲོད་ཚད་ཀྱི་དུས་རིམ་ལ་བརྟེན་ནས་གསལ་སྟོན་བྱས་པའི་མདོ་དབུས་མཐོ་སྒང་གི་མཚེའུ་ངོས་དྲོད་ཚད་ཀྱི་ཡུལ་དུས་འཕོ་འགྱུར་ཆོས་ཉིད་ལས་མངོན་པར། ཉེ་བའི་ལོ་40(1978-2017ལོ)རིང་མདོ་དབུས་མཐོ་སྒང་གི་མཚེའུ་མང་ཆེ་བའི་ཕྱི་ངོས་དྲོད་ཚད་ཚང་མ་འཕར་བའི་སྣང་ཚུལ་མངོན་པ་དང་། དྲོད་ཚད་འཕར་ཚད་ཧ་ལམ་ལོ་10རེའི་ནང་0.01-0.47℃ཙམ་ཡིན་པ་མ་ཟད། དགུན་དུས་དྲོད་འཕར་ཚད་དབྱར་དུས་ལས་དེ་བས་མངོན་གསལ་དོད་པོ(དབྱར་དུས་མཚེའུ་125ཡི་དྲོད་ཚད་གོང་དུ་འཕར་བའི་ཚུལ་མངོན)ཡོད་པ་དང་། ལྷོ་རྒྱུད་མཚེའུ་ཡི་དྲོད་འཕར་ཚད་བྱང་རྒྱུད་མཚེའུ་ལས་མགྱོགས་པ་ཡོད།
ཞིབ་འཇུག་འབྲས་བུ་དེ་མ་འོངས་པར་མུ་མཐུད་དུ་གནམ་གཤིས་འགྱུར་ལྡོག་གིས་མདོ་དབུས་མཐོ་སྒང་གི་མཚེའུ་ཆུའི་དྲོད་ཚད་བསྡུ་གཏོང་འགྱུར་ལྡོག་གི་ཤུགས་རྐྱེན་དཔྱད་དཔོག་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད། དེའི་གྲངས་གཞིའི་ཐོན་རྫས་དུས་མཉམ་དུ“རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་ཚན་རིག་གྲངས་གཞི་ལྟེ་གནས”དང་འབྲེལ་ཡོད་གྲངས་གཞི་མཉམ་སྤྱོད་སྟེགས་བུར་སྤེལ་ཡོད་པ་དང་། འབྲེལ་ཡོད་ཞིབ་འཇུག་འབྲས་བུའི་དཔྱད་རྩོམ་ཉེ་ཆར་རྒྱལ་སྤྱིའི་ཆེད་ལས་རིག་གཞུང་དུས་དེབ《སའི་གོ་ལའི་མ་ལག་ཚན་རིག་གྲངས་གཞི》(Earth System Science Data)སྟེང་བཀོད་ཡོད་པ་རེད།
ཀྲུང་གོ་ཚན་རིག་གླིང་སྟོང་དབྱིངས་ཞིབ་འཇུག་ཁང་ཞིབ་འཇུག་ཚོགས་པས་ངོ་སྤྲོད་བྱས་དོན། མཚེའུ་ཆུའི་དྲོད་ཚད་ནི་ས་ཁོངས་བརླན་ཚད་དང་ནུས་ཚད་དོ་སྙོམས་ཀྱི་ཚད་འགྱུར་གལ་ཆེན་ཡིན་ལ། མཚེའུའི་ཆུ་ཐོན་སྐྱེ་ཁམས་མ་ལག་གི་ཚོད་འཛིན་རང་བཞིན་གྱི་དཔྱད་གྲངས་ཀྱང་ཡིན། རྒྱུན་སྲོལ་ས་ངོས་ལྟ་དཔྱད་ཀྱི་ཚད་བཀག་རྐྱེན་གྱིས། མདོ་དབུས་མཐོ་སྒང་གི་མཚེའུ་ཆུའི་དྲོད་ཚད་ལྟ་དཔྱད་གྲངས་གཞི་ཡོངས་ཁྱབ་ཏུ་མི་འདང་བ་དང་། ཞིབ་འཇུག་ཚོགས་པས་རྒྱང་ཚོར་དང་གྲངས་གཞིའི་ལད་ཟློས་ལག་རྩལ་འདུས་གྲུབ་བྱས་ནས། ཆུའི་དྲོད་ཚད་གྲངས་གཞི་བསྐྱར་བཞེངས་བྱེད་པའི་ལག་རྩལ་སྒྲོམ་གཞི་འཕེལ་རྒྱས་བཏང་བ་དང་། དཔེ་དབྱིབས་གྲངས་གཞིའི་བླང་བྱ་མཐོ་བ་དང་སྤོ་འཛུགས་རང་བཞིན་ཞན་པའི་ཚད་བཀག་ལས་ཐོད་བརྒལ་བྱས་ནས། རྣམ་པ་མང་པའི(འཁྱགས་རོམ་དང་ཆུ། འཁྱགས་ཆུ་མཉམ་འདྲེས)གནས་ཚུལ་འོག་གི་མཚེའུའི་དྲོད་ཚད་ཀྱི་འགུལ་རྣམ་ལད་ཟློས་མངོན་འགྱུར་དང་། མདོ་དབུས་མཐོ་སྒང་གི་མཚེའུ་ཆུའི་དྲོད་ཚད་ཀྱི་ཡུལ་དུས་འཕོ་འགྱུར་ཆོས་ཉིད་དང་དེ་བཞིན་དེས་གནམ་གཤིས་འགྱུར་ལྡོག་ལ་ཐེབས་པའི་ཤུགས་རྐྱེན་གསལ་སྟོན་བྱས་ཡོད།
དེའི་ཁྲོད་ནས་ཞིབ་འཇུག་ཚོགས་པས་ཁེབས་རྒྱ་ཆེ་ཞིང་དུས་རིམ་རིང་བའི་མཚེའུ་ངོས་དྲོད་ཚད་གྲངས་གཞིའི་ཐོན་རྫས་བསྐྱར་བཞེངས་བྱས་ཡོད། མདོ་དབུས་མཐོ་སྒང་གི་མཚེའུ་ཆུའི་དྲོད་ཚད་དོ་སྙོམས་ཀྱི་གཞི་རྩའི་ཁྱད་གཤིས་དང་གྲངས་གཞིའི་རྨང་གཞིར་དམིགས་ནས། ཚོགས་པས་མཚེའུ་ཡི་ཐིག་གཅིག་ནུས་ཚད་དོ་སྙོམས་དཔེ་དབྱིབས་ལ་སྔར་བས་ལེགས་བསྒྱུར་བྱས་པ་མ་ཟད། “གྷོའུ་གྷོལ་སའི་གོ་ལའི་མ་ལག” (GEE)ལ་བརྟེན་ནས། འབྲེལ་ཡོད་གྲངས་གཞིའི་རྨང་གཞིའི་ཐོག་མཚེའུ་ཡོངས་ཀྱི་ཆ་སྙོམས་དྲོད་ཚད་ཀྱི་དུས་ཚོད་བང་རིམ་ཤེས་རྟོགས་དང་དཔེ་དབྱིབས་ལ་ཚད་ལེན་དང་ར་སྤྲོད་བྱས་ནས། ཐེངས་དང་པོར་མདོ་དབུས་མཐོ་སྒང་གི་མཚེའུ་160ཡི་1978-201ལོའི་བར་གྱི་ཉིན་རེའི་མཚེའུ་ངོས་དྲོད་ཚད་གྲངས་གཞི་ཚོགས་པ་བསྐྱར་བཞེངས་བྱས་པ་དང་། གྲངས་གཞི་ཐོན་རྫས་དེའི་ཁེབས་རྒྱ་ཆེ་ཞིང་དུས་ཚོད་བརྒལ་ཚད་ཅུང་རིང་བ་དང་། དུས་ཚོད་དབྱེ་འགྱེད་ཚད་མཐོ་བས། མདོ་དབུས་མཐོ་སྒང་གི་མཚེའུའི་ནུས་ཚད་དོ་སྙོམས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཐེབས་པའི་ཤུགས་རྐྱེན་ངོས་ཟིན་པར་ལག་རྩལ་དང་གྲངས་གཞིའི་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱེད་ཐུབ། མུ་མཐུད་དུ་ཞིབ་དཔྱད་བྱས་པ་ལས་མངོན་པར། གྲངས་གཞི་ཐོན་རྫས་དེ་དང་ས་ངོས་དངོས་འཇལ་བྱས་པའི་མཚེའུ་ངོས་དྲོད་ཚད་ལ་གཅིག་མཐུན་རང་བཞིན་ལེགས་པོ་ལྡན་པ་རེད།
དེ་མིན་ཚོགས་པའི་འཕེལ་རྒྱས་ཀྱི་ལག་རྩལ་སྒྲོམ་གཞི་ལ་ཡང་ཀུན་འཕྲོད་རང་བཞིན་དང་སྤོ་འཛུགས་རང་བཞིན་ཅུང་དྲག་པོ་ལྡན་པ་དང་། མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ཏེ། “རི་ཞིང་དང་ནགས་ཚལ། བརླན་ས། ཆུ་རྒྱུན། ས་འོག་ཆུ་འདུས་རིམ་པ་དང་མཚེའུ་སོགས་སྲུང་སྐྱོང་དང་ཆུ་དང་འབྲེལ་བའི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་པར”ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མཁོ་འདོན་བྱེད་ཐུབ་པ་མ་ཟད། ཆུའི་དྲོད་ཚད་འགྱུར་ལྡོག་གིས་མཚེའུ་ཡི་ཆུ་སྤུས་དང་ཆུ་ཐོན་སྐྱེ་དངོས་ཚོགས་པར་ཐེབས་པའི་ཤུགས་རྐྱེན་གསལ་སྟོན་བྱས་ནས། མཚེའུའི་ཆུ་སྤུས་དང་ཆུ་ཐོན་སྐྱེ་དངོས་ཚོགས་ཀྱི་ལྟ་སྐུལ་དོ་དམ་ལ་རྨང་གཞའི་གྲངས་གཞི་དང་ཇུས་ཆོད་ཀྱི་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱེད་ཐུབ་པ་རེད། །