སློབ་གྲྭ་ཆུང་འབྲིང་གི་དབྱིན་ཡིག་དང་ཨང་རྩིས་སློབ་ཁྲིད་ཉུང་དུ་གཏོང་རྒྱུ་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-09-28   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

         སྤྱི་ཟླ་9ཚེས་25ཉིན། སློབ་གསོ་པུས་དབྱིན་ཡིག་སློབ་ཁྲིད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་རྒྱུའི་སྐོར་ལ་བཏོན་པའི་གྲོས་གཞི་དེ་པོད་ཕྲན་སྟེང་རྒྱ་ཆེར་ཁྱབ་བཞིན་འདུག     སྤྱི་ཟླ་9ཚེས་23ཉིན།སློབ་གསོ་པུའི་གཞུང་ཕྱོགས་དྲ་ཚིགས་སྟེང་དུ་རྒྱལ་ཡོངས་དམངས་ཆེན་འཐུས་མིས་བཏོན་པའི་རིག་གནས་ཡིད་རྟོན་ཇེ་བརྟན་ཏུ་གཏོང་བ་དང་ཀྲུང་གོའི་རིག་གནས་ནང་དོན་ཇེ་མང་དུ་གཏོང་བའི་སློབ་ཁྲིད་བཅོས་སྒྱུར། དབྱིན་ཡིག་སློབ་ཁྲིད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་བའི་སྐོར་གྱི་གྲོས་གཞིར་ལན་བཏབ་ཚུལ་ཡོངས་བསྒྲགས་བྱས། སློབ་གསོ་པུས་སློབ་གྲྭ་ཆུང་འབྲིང་གི་ཕྱི་སྐད་སློབ་ཁྲིད་སྐད་ཡིག་སོགས་ཀྱི་སློབ་ཚན་ཇེ་དམའ་རུ་གཏོང་དགོས་ཞེས་བསྟན་འདུག 

        དབྱིན་ཡིག་སློབ་ཁྲིད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་དགོས་དོན་ཅི་ཡིན་ནམ།      རྒྱལ་ཡོངས་དམངས་ཆེན་འཐུས་མིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་སྟེང་དུ། དབྱིན་ཡིག་སློབ་ཁྲིད་ཀྱི་བསྡུར་ཚད་དང་རྒྱུགས་སྐར་ཁྲོད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་བའི་གྲོས་གཞི་བཏོན།      དབྱིན་ཡིག་སློབ་ཁྲིད་ཀྱི་བསྡུར་ཚད་དང་རྒྱུགས་སྐར་ཁྲོད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་དགོས། དབྱིན་ཡིག་སློབ་རྒྱུ་གལ་ཆེ་རུང་དུས་ཚོད་དེ་འདྲའི་རིང་པོ་དགོས་དོན་མེད། མཐའ་ན་དེར་མཐོང་ཆེན་བྱས་ནས་ངོ་བོའང་འགྱུར་འདུག་ཅེས་བསྟན། དབྱིན་ཡིག་སློབ་ཁྲིད་བཅོས་སྒྱུར་བྱེད་པ་དེར་མཐོ་རྒྱུགས་ཁོ་ནར་དམིགས་པ་ཞིག་མ་ཡིན་པར་རྒྱུན་ལྡན་འཚོ་བའི་ཁྲོད་བཀོལ་བ་དང་ཁ་བརྡ་བྱ་རྒྱུ་གཙོ་བོར་འཛིན་དགོས་ཞེས་བརྗོད།      དབྱིན་ཡིག་སློབ་ཁྲིད་ཇེ་ཉུང་དུ་བཏང་པ་ལས་བྱུང་བའི་དུས་ཚོད་དག་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་སློབ་ཁྲིད་ཇེ་མང་དུ་གཏོང་བའི་ཁྲོད་བཀོལ་ན་འགྲིག་སྟེ། དཔེར་ན། མིག་མངས་དང་། མཛེས་རྩལ།ཡིག་གཟུགས། རི་མོ་ལྟ་བུ་སོགས། བྱིས་པ་ཚོར་འཇིག་རྟེན་ལྟ་བ་ཆགས་པའི་འགག་རྩའི་དུས་སུ་ང་ཚོའི་ཀྲུང་གོའི་རིག་གནས་ལ་འབྲེལ་བ་དམ་ཟབ་བྱེད་དུ་བཅུག་སྟེ་ཆུང་དུས་ནས་ང་ཚོའི་རིག་གནས་ཀྱི་སྤོབས་སེམས་དང་རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་ནས་ཇེ་བརྟན་ཏུ་གཏོང་དགོས་ཞེས་བསྟན།      སློབ་གསོ་པུས་ལན་འདེབས་སྐབས།སློབ་གྲྭ་ཆུང་འབྲིང་གི་ཕྱི་སྐད་སློབ་ཁྲིད་སྐད་ཡིག་སོགས་ཀྱི་སློབ་ཚན་ཇེ་ཉུང་དུ་གཏོང་དགོས་ཞེས་བསྟན།  

        ཕྱི་སྐད་ནི་སློབ་མའི་ཀུན་སྤྱོད་དང་ཤེས་རབ། ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་སློབ་མའི་སྐད་བརྡའི་ནུས་པ་དང་།རིག་གནས་འདུ་ཤེས།བསམ་གཞིག་སྤུས་ཚད།སློབ་སྦྱོང་གི་ནུས་པ་སོགས་ལྟེ་བའི་བྱང་ཚད་གསོ་སྐྱོང་དང་འཕེལ་རྒྱས་གཏོང་པ་དང་།  སློབ་མའི་ཀྲུང་གོའི་འདང་རྩིས་དང་རྒྱལ་སྤྱིའི་མཐོང་རྒྱ། རིག་གནས་བརྒལ་བའི་འབྲེལ་འདྲིས་ནུས་པ་ཇེ་ཆེར་གཏོང་བར་ཕན་པ་ལྡན།      《འོས་འགན་སློབ་གསོའི་སློབ་ཚན་ཇུས་གཞིའི་(སྤྱི་ལོ་2022ལོའི་པར་གཞི)》ནང་དུ་སློབ་ཚན་ཁག་གི་སློབ་ཁྲིད་ཀྱི་དུས་ཡུན་བསྡུར་ཚད་ནི་སྐད་ཡིག་20%-22% དང་རྩིས་རིག་13%-15། ལུས་རྩལ་དང་བདེ་ཐང་10%-11%།ཕྱི་སྐད་6%-8%སོགས་གཏན་འབེབས་བྱས་འདུག      《མཐོ་འབྲིང་དཀྱུས་མའི་སློབ་ཚན་ཇུས་གཞི་(སྤྱི་ལོ་2017ལོའི་པར་གཞི་སྤྱི་ལོ་2020ལོར་བཟོ་བཅོས་བྱས།)》ལ་གཞིགས་ན།མཐོ་འབྲིང་དཀྱུས་མའི་ཕྱི་སྐད་ཀྱི་ངེས་སྦྱོང་སློབ་སྐར་བསྡུར་གྲངས་ཀྱིས་ངེས་སྦྱོང་སློབ་སྐར་གྱི་སྤྱིའི་སློབ་སྐར་གྱི་7%ཟིན་ཡོད་པས་ཕྱི་སྐད་སློབ་ཡུན་སྐད་ཡིག་དང་རྩིས་རིག ལུས་རྩལ། སྒྱུ་རྩལ་སོགས་ཀྱི་བསླབ་ཚན་ལས་དམའ་བ་མངོན་གསལ་རེད།  
        དབྱིན་ཡིག་གི་རྒྱུགས་སྐར་ཁྲོད་ཀྱི་བསྡུར་ཚད་ཇེ་དམའ་རུ་གཏོང་སྲིད་དམ།     སློབ་གསོ་པུས་ལན་འདེབས་སྐབས།ཀྲུང་དབྱང་གི་བླང་བྱ་ལྟར་ཕྱི་སྐད་ཀྱི་རྒྱུགས་སྐར་བསྡུར་ཚད་གཏན་འཁེལ་བྱ་དགོས་པ་གསལ་བོར་བྱས།      སྤྱི་ལོ་2014ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》པར་འགྲེམས་བྱས་ཏེ།   མཐོ་རྒྱུགས་ཀྱི་སྐད་ཡིག་དང་། རྩིས་རིག ཕྱི་སྐད་བཅས་སྔར་བཞིན་གཅིག་གྱུར་བྱས་ནས་སྐར་གྲངས་ལ་འགྱུར་ལྡོག་མི་གཏོང་རྒྱུ་གཏན་འབེབས་གསལ་པོ་བྱས་ཡོད།     སློབ་གསོ་པུས་ལན་འདེབས་སྐབས།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མཐོ་རྒྱུགས་ནང་འཇུག་པ་དང་།  མཐོ་རྒྱུགས་ཀྱི་ནང་དོན་བཅོས་སྒྱུར་ལ་མཐོང་ཆེན་བྱེད་པ།  མཐོ་རྒྱུགས་ཀྱི་བརྗོད་གཞི་དེ་མཐོ་འབྲིང་གི་སློབ་ཚན་ཚད་གཞི་དང་མཐོ་རིམ་སློབ་གྲྭའི་འཇོན་ལྡན་མི་སྣ་གདམ་གསེས་ཀྱི་བླང་བྱར་གཞིར་བཟུང་ནས་ཀུན་སྤྱོད་དང་ཤེས་རབ། ལུས་རྩལ། མཛེས་རིས། ངལ་རྩོལ་བཅས་ཕྱོགས་ཡོངས་ལ་རྟོག་ཞིབ་བྱེད་པའི་ནང་དོན་མ་ལག་ཅིག་ཏུ་གཏོང་དགོས་ཞེས་བསྟན།