ཀྲུང་གོའི་མེ་གསོད་རུ་མིའི་དཔའ་ཉམས་ལ་ཚང་མས་བསྟོད་པར་འོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-10   རྩོམ་ཁུངས།    中国藏文广播CNR

        མེ་གསོད་རུ་མི་ཐོག་བརྩེགས་བཞི་པར་འཛེགས་ན་ཅི་འདྲ་མགྱོགས་སམ། གང་འདྲ་བྱས་ནས་སྨི་བརྒྱའི་བར་གྱི་བཀག་རྒྱ་ལས་བརྒལ་ཏེ་མེ་གསོད་ཆུ་ཁུག་འཛུགས་དགོས། ཇི་ལྟར་བྱས་ནས་གྱང་ངོས་སུ་འཛེགས་ཏེ་གནོད་འཚེ་ཆུང་དུ་གཏོང་དགོས།

        སྤྱི་ཟླ་10ཚེས་4ཉིན། སྐབས་བཅུ་བདུན་པའི་འཛམ་གླིང་མེ་གསོད་རོགས་སྐྱོབ་གཟེངས་རྟགས་འགྲན་སྡུར་མཇུག་སྒྲིལ་ཞིང་། ཀྲུང་གོའི་འཐུས་ཚབ་རུ་ཁག་གི་འགྲན་སྡུར་ཁྲོད་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ལ་དྲ་གྲོགས་ཚོས་བསྟོད་བསྔགས་བྱས།

        སྨི་4×100ཡི་མེ་ཟོན་མཐུད་རྒྱུག་རྣམ་གྲངས་ནང་ཀྲུང་གོའི་མེ་གསོད་རུ་མི་ཚོས་མ་གྲོས་གཅིག་མཐུན་ངང་གཞོགས་འདེགས་བྱས་ཏེ་རྒྱུག་མཐུད་དབྱུག་པ་ཁ་ནང་དུ་བཟུང་ཞིང་། སྐས་ལ་འཛེགས་ཏེ་ཁང་པའི་མདའ་གཡབ་བར་དུ་འཛེགས་པ། འགོག་རྐྱེན་པང་ལེབ་སྒྲོལ་བ། གདུང་ཟམ་སྒྲོལ་བ། སྣུམ་རྫིང་གི་མེ་བསད་པ་བཅས་བྱས་ཏེ་ཚོགས་པའི་ཨང་གསུམ་པ་བླངས་ཤིང་གྲུབ་འབྲས་བཟང་པོ་ཐོབ།

        མཐོར་འཛེགས་སྦྲེལ་སྐས་ཀྱི་རྣམ་གྲངས་འགྲན་རའི་ནང་། ཀྲུང་གོའི་མེ་གསོད་རུ་མིས་གཏམ་རྒྱུད་ཁྲོད་ཀྱི“གྱང་ངོས་འཕུར་སྐྱོད”ཅེས་པ་དངོས་སུ་བསྟན་ཞིང་། འགྲན་ཞུགས་རུ་མིས་སྦྲེལ་སྐས་ཁྱེར་ཏེ་སྨི་32.25ལ་བརྒྱུགས་རྗེས་མདའ་འཕངས་པ་ལྟར་སྐས་ལ་འཛེགས་ནས་ཐོག་བརྩེགས་བཞི་པར་སླེབས།

        ཤེས་རྟོགས་བྱུང་བར་གཞིགས་ན། མཐོར་འཛེགས་སྦྲེལ་སྐས་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་སྲོལ་རྒྱུན་རྨང་གཞིའི་རྩལ་ནུས་ཀྱི་སྦྱོང་གཞི་ཞིག་ཡིན་པ་དང་། དེའི་ནུས་པ་གཙོ་བོ་ནི་བཟོ་སྐྲུན་ལས་གྲྭའི་མེ་སྐྱོན་ཁྲོད་མགྱོགས་མྱུར་ངང་ཕྱི་རོལ་ནས་མཐོ་སར་འཛེགས་ཏེ་ནང་དུ་བགྲོད་པའི་འགྲོ་ལམ་ཤར་གཏོང་ཐུབ་པ་བྱེད་པ་དང་། དུས་མཚུངས་སུ་མེ་སྐྱོན་ཁྲོད་ཀྱི་ཉེན་གྱར་མི་སྣའི་སྲོག་སྐྱོབ་ཐབས་ཀྱི་ཐབས་ལམ་ཞིག་ཡིན་པ་རེད།

        མེ་གསོད་སྨི་བརྒྱའི་འགོག་རྐྱེན་གྱིས་མེ་གསོད་རོགས་སྐྱོབ་མི་སྣར་ཚོད་བསྒམ་བྱེད་ལ། རྙོག་འཛིང་ཆེ་བའི་ཁོར་ཡུག་འོག་ཆུ་ཁུག་བརྟན་པོའི་ངང་འཛུགས་པ་དེ་རོགས་སྐྱོབ་ཀྱི་རྨང་གཞིའི་རྩལ་ནུས་ཤིག་ཡིན་པ་རེད། འགྲན་སྡུར་ཁྲོད་ཀྲུང་གོའི་མེ་གསོད་རུ་མིས་བདེ་ལྕག་འཁྱུག་པོས་བཀག་རྒྱ་ལས་སྒྲོལ་བ་དང་། གོམ་ཆེན་གཅིག་གིས་གདུང་ཟམ་བརྒལ་ཏེ་ཆུ་བགོས་ཡོ་བྱད་སྦྲེལ་ནས་ནུས་ཤུགས་ཡོད་རྒུས་མཇུག་མཐའི་མཐའ་ཐིག་བར་བརྒྱུགས།

        ལག་སྐྱོར་འཕྲུལ་ཆས་སྤྱད་དེ་ཆུ་ཡིས་འབེན་ལ་རྡེག་པ་ནི་ཐུན་མོང་གི་རྣམ་གྲངས་ཤིག་ཡིན་པ་དང་། འགྲན་ཞུགས་རུ་མི་སོ་སོའི་ལས་བགོས་མི་འདྲ་སྟེ། འཕྲུལ་ཆས་ཀྱི་སྒོ་འབྱེད་པ་དང་། ཆུ་སྦུག་འབྲེལ་མཐུད་བྱེད་པ། ཆུ་མཁོ་འདོན་གྱི་མ་ལམ་འདིང་བ། ཆུ་ཡི་དབྱེ་ཆས་འཛུགས་པ། ཆུ་ཡིས་འབེན་ལ་རྒྱག་པ་སོགས་ལྷུ་ཚིགས་མང་པོ་ཡོད། གཅིག་གིས་གཅིག་འབྲེལ་བྱས་ཏེ་འགྲན་སྡུར་ཛ་དྲག་བྱས་པ་བརྒྱུད། ཀྲུང་གོའི་འཐུས་ཚབ་རུ་ཁག་ཁྱད་དུ་འཕགས་ཏེ་ཨང་གསུམ་པ་ཐོབ།

        ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་མེ་གསོད་རོགས་སྐྱོབ་གཟེངས་རྟགས་འགྲན་སྡུར་ལ་མེ་གསོད་རུ་མིའི་ཨོ་རྩལ་འགྲན་ཚོགས་ཞེས་བརྗོད་ཀྱི་ཡོད། ལོ་ལྟར་ཐེངས་རེ་སྤེལ་བ་དེས་འཛམ་གླིང་ཡོངས་ཀྱི་མེ་གསོད་རྩལ་ནུས་ཀྱི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད།

        ཀྲུང་གོའི་མེ་གསོད་རུ་མིས་ཀྲུང་གོའི་མྱུར་ཚད་ཟེར་བ་གང་འདྲ་ཡིན་པ་གསལ་པོར་བསྟན་ཞིང་། མྱུར་ཚད་དེའི་རྒྱབ་ཏུ་ཚེ་སྲོག་རྩ་ཆེན་དུ་འཛིན་པ་མཚོན་ཡོད། ང་ཚོས་མཉམ་དུ་ཀྲུང་གོའི་མེ་གསོད་རུ་མིར་བསྟོད་པའི་མཐེ་བོང་བསྒྲེངས།