ཏང་གི་ཚོགས་ཆེན་ཉི་ཤུ་པ་འགོ་ཚུགས་པ།༼ ཆ་ཚང་། ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-17   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་འགོ་ཚུགས་པ། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྙན་ཞུ་གནང་བ།

        སྤྱི་ཟླ་10པའི་ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས། པར་འདི་ནི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྙན་ཞུ་འབུལ་བཞིན་པ།
        སེམས་ཤུགས་གཅིག་སྡུད་ཀྱིས་བསྐྱར་དར་ལ་འཆར་འགོད་གསར་པ་བྱེད། མཐུན་སྒྲིལ་འབད་འབུངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་དུ་གཏོད། འཛམ་གླིང་ཡོངས་ནས་དོ་སྣང་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྤྱི་ཚེས་16ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་འགོ་ཚུགས་པ་རེད། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག འགོ་བརྗོད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་འཁོད་པའི་སྙན་ཞུ་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་ཞུགས་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་ཆེན་གལ་འགངས་ཤིན་ཏུ་ཆེན་པོ་ཞིག་རེད། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རང་རྟོན་རང་དར་དང་། དྲང་སྲུང་གསར་གཏོད། དཀའ་སྤྱད་འབད་འབུངས། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པ་དེ་ཡིན་ཞེས་བསྟན་ཡོད།

        མི་དམངས་ཚོགས་ཁང་ཆེན་མོ་རྔམ་བརྗིད་རབ་ཏུ་ཆེ་ཞིང་། མི་ཁྲིའི་ཚོགས་ཁང་ཆེན་མོའི་ནང་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། ཀྲུའུ་ཞི་སྟེགས་བུའི་ཐོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཞེས་འཁོད་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཡོལ་གྱི་དབུས་སུ་ཟོར་བ་དང་ཐོ་བ་ལས་གྲུབ་པའི་ཏང་རྟགས་བཀལ་ཡོད་ཅིང་། དམར་མདངས་རབ་ཏུ་བཀྲ་བའི་དར་དམར་བཅུ་གཞོགས་གཉིས་སུ་བགོས་ནས་བསྒྲིགས་ཡོད། ཐོག་སོ་གཉིས་པ་དང་གསུམ་པའི་གཟེགས་སྟེགས་ཐོག་ཁག་སོ་སོར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས་ཞེས་འཁོད་པ་དང་། རླབས་ཆེན་དང་།  གཟི་བརྗིད། ཡང་དག་པ་བཅས་ཀྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པ་ཤོག་ཅེས་འཁོད་པའི་འཕྲེད་དར་བཀལ་ཡོད་པ་རེད།

        སྤྱི་ཟླ་10པའི་ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས། པར་འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་པ།

        ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲས་སུ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཏིང་ཞུའེ་ཞང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེའང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་རྨིན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཀྲང་ཆིང་ལི་བཅས་ཡོད་པ་རེད། 
        ཚོགས་ཆེན་ནི་ལི་ཁེ་ཆང་གིས་གཙོ་སྐྱོང་གནང་བ་རེད། སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་རེད། ཚོགས་རར་འཁོད་པའི་མི་རྣམས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་ཡོད། དེ་རྗེས་བློ་མཐུན་ཡོངས་ནས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ལིའུ་ཧྲའོ་ཆི། ཀྲུའུ་ཏེ། ཏེང་ཞའོ་ཕིང་། ཁྲེན་ཡུན་སོགས་སྐུ་ཚེ་ལས་འདས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་ཡོད།  

        ལི་ཁེ་ཆང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་དགོས་པའི་འཐུས་མི་2296ཡོད་པ་དང་། དམིགས་བསལ་གདན་ཞུའི་འཐུས་མི་83ཡོད་པ། ཁྱོན་འཐུས་མི་2379ཡོད་ཅིང་། དེ་རིང་དངོས་སུ་ཕེབས་པ་2340ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད། ཁོང་གིས་ཚོགས་ཆེན་ལ་ཟུར་ཞུགས་གནང་མཁན་ཏང་ཕྱིའི་གྲོགས་པོ་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན་ལ་སྤྲོ་སེམས་རབ་ཏུ་འཁོལ་པོས་དགའ་བསུ་ཞུས་གནང་ཡོད།

        སྤྱི་ཟླ་10པའི་ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས། པར་འདི་ནི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྙན་ཞུ་འབུལ་བཞིན་པ།

        ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་དེ་ཁག་བཅོ་ལྔར་དབྱེ་ཡོད་པ་སྟེ། གཅིག འདས་ཟིན་པའི་ལོ་ལྔའི་ལས་དོན་དང་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་དང་། གཉིས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་གཏོད་དགོས་པ། གསུམ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་དང་ལས་འགན། བཞི། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་པོར་འཛུགས་པ་དང་། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ལྔ། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་འཛུགས་སྐྲུན་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། དྲུག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་བཏང་སྟེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན་བྱེད་དགོས་པ། བདུན། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ།  བརྒྱད། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལས་འོད་སྟོང་གསར་པ་འཕྲོ་བ་བྱེད་དགོས་པ། དགུ། དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། བཅུ། སྦགས་མེད་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་པ། བཅུ་གཅིག རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ།  བཅུ་གཉིས། དམག་བཙུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཐུབ་པ་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་རྣམ་པ་གསར་པ་གཏོད་དགོས་པ།  བཅུ་གསུམ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ། བཅུ་བཞི། འཛམ་གླིང་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། བཅོ་ལྔ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་བཅས་ཡིན།
        ཞི་ཅིན་ཕིང་གིས་སྙན་ཞུའི་ནང་། ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔའི་ནང་། ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོ་བྱུང་བར་གཅིག་གྱུར་འཆར་འགོད་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ཆེད་འཐབ་ཇུས་བཀོད་སྒྲིག་གལ་ཆེན་བྱས་པ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གཅིག་མཇུག་གཉིས་མཐུད་དུ་ཐོན་པའི་ཉེན་ཁ་དང་འགྲན་རྩོད་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ། འབད་འབུངས་ཡར་བརྩོན་གྱི་སྙིང་སྙོབས་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད། ལོ་ལྔའི་རིང་། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དུས་ཡུན་རིང་པོའི་ནང་ཐག་གཅོད་མ་ཐུབ་པའི་དཀའ་གནད་དུ་མ་ཁྱད་དུ་བསད་པ་དང་། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་མང་པོ་བསྒྲུབས་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་གལ་ཆེན་ཐོབ་པ་བྱས་ཡོད་ཅེས་གསུངས། 
        དུས་རབས་གསར་པའི་ལོ་བཅུའི་ལས་དོན་ལ་ཕྱོགས་སྡོམ་གནང་སྐབས། ཞི་ཅིན་ཕིང་གིས། ལོ་བཅུའི་རིང་ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་པ་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་ཡོད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སྐྱོད་པ། གསུམ་ནི་དབུལ་སྒྲོལ་འགག་གཏོར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་ལོ་རྒྱུས་ལས་འགན་ལེགས་སྒྲུབ་བྱས་པ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་བ་བཅས་རེད།  དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་དང་། ཀྲུང་ཧྭ་མི་རིགས་གོང་འཕེལ་གྱི་ལོ་རྒྱུས་དེབ་ཐེར་ནང་འཁོད་ངེས་ཡིན་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་རེད་ལ། འཛམ་གླིང་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་པའི་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་ཡང་རེད་ཅེས་གསུངས།
        ཞི་ཅིན་ཕིང་གིས། ལོ་བཅུའི་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ནས།  རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པར་སྐྱོད་རྒྱུར་སྐུལ་མ་བཏང་ཡོད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་གསར་གཏོད་བྱས་པ་དང་། ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན་པའི་འབྱོར་འབྲིང་མངོན་འགྱུར་བྱུང་བ། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་ཚན་རིག་དང་མཐུན་ཞིང་ཆ་ཚང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་བཏོན་པ་མ་ཟད་ལག་བསྟར་བྱས་པ། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོའི་ཐོག་ནས་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། སྔར་བས་རང་འགུལ་ཆེ་བའི་སྒོ་དབྱེའི་འཐབ་ཇུས་ལག་བསྟར་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་འཕེལ་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་པ། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ནང་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའི་ལམ་ལུགས་གཏན་འཁེལ་དང་རྒྱུན་འཁྱོངས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་པ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་པ། དུས་རབས་གསར་པའི་ཏང་གི་དམག་ཧྲག་དམིགས་འབེན་གཏན་འཁེལ་བྱས་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ལ་ཁྱོན་ཡོངས་དང་ཡང་དག་པའི་སྒོ་ནས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཏང་ཁྱོན་ཡོངས་ནས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱས་ཡོད། དེ་དང་ཆབས་ཅིག་ཏུ་ང་ཚོའི་ལས་ཀའི་ཁྲོད་ད་དུང་མི་འདང་ས་ཁ་ཤས་ཡོད་པ་དང་། དཀའ་ངལ་དང་གནད་དོན་མི་ཉུང་བ་འཕྲད་བཞིན་ཡོད་པ་ངེས་པར་དུ་རིག་པ་དྭངས་གསལ་ཐོག་ནས་མཐོང་ཐུབ་པ་བྱ་དགོས་ཞེས་གསུངས།
        ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། བསྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་གོང་འཕེལ་ལོ་རྒྱུས། ཀྲུང་ཧྭ་མི་རིགས་གོང་འཕེལ་ལོ་རྒྱུས་བཅས་ཀྱི་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཞིག་རེད། ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་བརྒྱུད་མྱོང་བའི་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་བས་སྟོབས་དང་ལྡན་པར་གྱུར་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པའི་ལྟེ་བའི་འགོ་ཁྲིད་དུ་གྱུར་ཡོད། ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་པ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་ཕྱིན་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་པ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོར་གྱུར་བ་ནས་སྟོབས་ཆེར་འགྱུར་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་ལ་སེམས་ཤུགས་ལྡབ་བརྒྱའི་ངང་སྐུལ་འདེད་གཏོང་བཞིན་ཡོད་ཅེས་གསུངས།  
        ཞི་ཅིན་ཕིང་གིས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་རྒྱུ་ནི་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་གཟི་བརྗིད་ཆེ་བའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད། ལག་ལེན་གྱི་རྨང་གཞིའི་ཐོག་གི་རིགས་པའི་གཞུང་ལུགས་གསར་གཏོད་ལ་མུ་མཐུད་སྐུལ་འདེད་གཏོང་བར། སྔོན་ལ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བེད་སྤྱོད་ཡག་པོ་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་།  རང་རྟོན་རང་ཚུགས་རྒྱུན་འཁྱོངས། དྲང་སྲུང་གསར་གཏོད་རྒྱུན་འཁྱོངས། གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས། ཁོག་ཡངས་དཀྱེལ་ཆེ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 
        དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་འོས་འགན་དང་ལས་འགན་སྐོར་གླེང་སྐབས། ཞི་ཅིན་ཕིང་གིས།   ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་བསྐྲུན་ཐུབ་པ་བྱ་རྒྱུ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ།  ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་རེད།  མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ངེས་པར་དུ་རྩ་དོན་གལ་ཆེན་དམ་འཛིན་ནན་པོ་བྱ་དགོས་པ་སྟེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས། བསྒྱུར་བཅོས་སྒོ་དབྱེ་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་རྒྱུན་འཁྱོངས་བྱ་རྒྱུ་བཅས་རེད་ཅེས་གསུངས།

        སྤྱི་ཟླ་10པའི་ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་ཚུགས། པར་འདི་ནི་ཚོགས་ཆེན་གྱི་ཚོགས་ར་རེད།

        ཞི་ཅིན་ཕིང་གིས། ངེས་པར་དུ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་བསྒྱུར་བཅོས་ཁ་ཕྱོགས་རྒྱུན་འཁྱོངས། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོར་བྱེད་པ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་བབ་གསར་པ་མགྱོགས་མྱུར་བསྐྲུན་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་པ་དང་། དེང་རབས་ཅན་དུ་འགྱུར་བའི་ཐོན་ལས་མ་ལག་འཛུགས་པ། ཤང་གྲོང་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས། ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་པ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཐོག ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཅས་ལག་ལེན་གཏིང་ཟབ་བསྟར་ནས། གོང་འཕེལ་གྱི་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པ་གཏོད་པ་དང་། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སློབ་གསོ་སྔོན་ལ་གོང་འཕེལ་གཏོང་བ་དང་། ཚན་རྩལ་རང་སྟོབས་རང་སྤེལ་ཐུབ་པ། ཤེས་ལྡན་མི་སྣས་སྣེ་ཁྲིད་དེ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་དང་། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ། ཤེས་ལྡན་མི་སྣའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་གང་མགྱོགས་བྱ་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་སྲུང་ཤུགས་ཆེར་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱོན་ཡོངས་ནས་གོང་འཕེལ་གཏོང་བ། གཞི་རིམ་གྱི་དམངས་གཙོ་གོང་འཕེལ་ཧུར་ཐག་གཏོང་བ། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་གཏོང་བ་བཅས་བྱ་དགོས་ཞེས་གསུངས་གནང་ཡོད།
        ཞི་ཅིན་ཕིང་གིས། ངེས་པར་དུ་ཁྲིམས་སྐྱོང་ལ་བརྟེན་ནས་རྩ་བ་བརྟན་གཏོང་དང་།  སྔོན་དཔག་བརྟན་གཏོང་། ཕུགས་ཕན་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱས་ནས། ཁྲིམས་སྐྱོང་འཁོར་ལམ་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་དགོས། རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ། གཞུང་དྲང་ཁྲིམས་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་མགྱོགས་སུ་གཏོང་དགོས་ཞེས་བསྟན་གནང་ཡོད། 
        ཞི་ཅིན་ཕིང་གིས། གོང་བུར་སྒྲིལ་ཤུགས་དང་ཁྲིད་སྟོན་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཁྱབ་ངང་ལག་བསྟར་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ཤེས་དཔལ་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭའི་ཤེས་དཔལ་གྱི་བརྒྱུད་སྤེལ་ནུས་པ་དང་ཤུགས་རྐྱེན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད། 
        ཞི་ཅིན་ཕིང་གིས། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་གཏོང་བ་དང་། མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀར་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ལ་དམ་པོར་དམིགས་ནས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།   བདེ་ཐང་ཀྲུང་གོའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ངེས་པར་དུ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཐོག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ཐོག་ནས་གོང་འཕེལ་ལ་ཇུས་འགོད་བྱེད་དགོས། གོང་འཕེལ་གཏོང་སྟངས་སྦགས་མེད་ཅན་དུ་བསྒྱུར་མགྱོགས་སུ་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་པོའི་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་གཏོང་བ།  ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་རྒྱུར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 
        ཞི་ཅིན་ཕིང་གིས། བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་གནང་ཡོད།
        ཞི་ཅིན་ཕིང་གིས། དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་དུས་བཀག་ལྟར་ལེགས་གྲུབ་ཡོང་བ་བྱ་རྒྱུ་དང་། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་གང་མགྱོགས་བསྐྲུན་རྒྱུ་དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་བླང་བྱ་ཞིག་ཡིན།
        ཁྱོན་ཡོངས་ནས་དམག་མིར་སྦྱོང་བརྡར་སྤྲོད་པ་དང་དམག་གྲབས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དམག་དོན་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དང་གོང་མཐོར་གཏོང་དགོས་ཞེས་བསྟན་གནང་ཡོད།
        ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་པོ་ཆེ་ཞིག་དང་། ཤང་ཀང་དང་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་རྗེས་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་པའི་ལམ་ལུགས་བཀོད་སྒྲིག་ལེགས་ཤོས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། ཤང་ཀང་དང་ཨའོ་མོན་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་ཁྱོན་ཡོངས་དོ་དམ་དང་བཅོས་སྐྱོང་དབང་ཆ་དོན་འཁྱོལ་བྱེད་པ། རྒྱལ་གཅེས་པས་ཤང་ཀང་སྐྱོང་བ་དང་། རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི་རྩ་དོན་དོན་འཁྱོལ་བྱེད་པ། ཤང་ཀང་དང་ཨའོ་མོན་གཉིས་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་མཉམ་འདྲེས་སྔར་ལས་ལྷག་པ་ཐུབ་པ་བྱ་རྒྱུར་རྒྱབ་སྐྱོར་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་ནུས་པ་སྔར་ལས་ལྷག་པ་འདོན་སྤེལ་བྱེད་དགོས། ལྷག་བསམ་དག་ཤོས་དང་།  འབད་བརྩོན་ཆེ་ཤོས་ཐོག་ནས་ཞི་བའི་གཅིག་གྱུར་གྱི་མདུན་ལྗོངས་བརྩོན་ལེན་བྱ་རྒྱུ་ཡིན། ཡིན་ནའང་དགོས་ངེས་བྱ་ཐབས་ཡོད་ཚད་འཛིན་རྒྱུའི་གདམ་ག་ཡང་ཉར་འཇོག་བྱས་ཡོད། མེས་རྒྱལ་ཡོངས་སུ་གོང་བུ་གཅིག་གྱུར་ངེས་པར་དུ་མངོན་འགྱུར་ཐུབ་པ་བྱེད་དགོས་ལ། གང་དེ་མངོན་འགྱུར་ཐུབ་ངེས་ཀྱང་ཡིན་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས།  མིག་སྔར།  འཛམ་གླིང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འགྱུར་ལྡོག  ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་ན་མེད་པའི་ཐོག་ནས་འགྲོ་བཞིན་ཡོད།  ཀྲུང་གོས་བློ་བརྟན་འགྱུར་མེད་ངང་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དང་།  ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ཅིང་།  ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་གསར་གཏོད་བྱེད་འདོད་ཡོད་ཅེས་གསུངས།  
        ཞི་ཅིན་ཕིང་གིས།  ཏང་ཡོངས་ཀྱིས་ངེས་པར་དུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ནམ་ཡང་ལམ་དུ་ཡོད་པ་དང་།  ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་ཡིད་ལ་བརྟན་པོར་ངེས་དགོས་ཤིང་།  ལྷོད་གཡེང་ངལ་གསོ་དང་ངལ་དུབ་སུན་སྣང་གི་བསམ་པ་གཏན་ནས་ཡོད་མི་རུང་། ངེས་པར་དུ་རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།  དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས།  
        ཁོང་གིས།  ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་།  རྒྱུན་བསྲིང་ལྷོད་མེད་ཀྱི་སྒོ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སེམས་ཤུགས་གཅིག་སྒྲིལ་བྱེད་པ་དང་།  ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་ཚང་དུ་གཏོང་བ།  མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྗིད་པོ་ཕྲག་ཏུ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་ཁག་གསོ་སྐྱོང་བྱེད་པ།  ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཤུགས་ཆེར་གཏོང་བ།  དོ་ནན་པའི་སྤྱིའི་རྩ་དོན་ཐོག་ནས་སྤྱོད་དྲང་སྒྲིག་ནན་རྒྱུན་འཁྱོངས་བྱེད་པ།  རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་གཏོར་དམག་འཐབ་དང་ཡུན་རིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
        ཞི་ཅིན་ཕིང་གིས།  ཏང་གིས་འབད་འཐབ་རླབས་པོ་ཆེར་བརྟེན་ནས་ལོ་བརྒྱའི་བྱ་གཞག་རླབས་པོ་ཆེ་བཏོད་ཡོད་ལ།  འབད་འཐབ་རླབས་པོ་ཆེ་གསར་པའི་ཐོག་ནས་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་ཡིན་ཞེས་གསུངས། 
        ཞི་ཅིན་ཕིང་གིས་སྙན་ཞུ་གནང་བའི་བརྒྱུད་རིམ་ནང་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་ཡོད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལྟ་འགན་བཞེས་བཞིན་པ་དང་དེ་སྔ་འགན་བཞེས་མྱོང་ཡོད་པའི་ཨུ་ཡོན་ཀྲང་གཞོན་པ་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པ་དང་དེ་སྔ་འགན་བཞེས་མྱོང་ཡོད་པའི་ཏང་ཕྱིའི་མི་སྣ།  པེ་ཅིང་དུ་ཡོད་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་།  རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ།  ཏང་ཤོག་གང་ལའང་མི་གཏོགས་པའི་འཐུས་ཚབ་མི་སྣ།  ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ།  པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ཁྲོད་ཀྱི་དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པ།  མི་རིགས་དང་ཆོས་ལུགས་ལས་རིགས་བཅས་ཀྱི་མི་སྣ་སྐུ་མགྲོན་གྱི་ངོས་ནས་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད།  ཏང་ནང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡང་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད་པ་རེད། 
        ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་2500ཙམ་གྱིས་འགོ་ཚུགས་ཚོགས་ཆེན་གྱི་གཟབ་རྒྱས་གནས་ཚུལ་གཏོང་སྤེལ་བྱས་ཡོད་པ་རེད།