རྩོམ་པ་པོ།   མི་དམངས་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2022-10-17   རྩོམ་ཁུངས།   
སྤྱི་ཟླ10པའི་ཚེས16ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོག་འགོ་བཙུགས་ཤིང་། ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྙན་སེང་ཕུལ་བ་རེད། ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་དུ་བྱུང་བའི་གནད་ཚིག་འདི་ཚོ་ལས་ང་ཚོས་འབྱུང་འགྱུར་གྱི་ལས་དོན་ཅི་འདྲ་བསྒྲུབ་དགོས་པ་ཤེས་ཐུབ།
ལས་འགན་གཙོ་བོ།
ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏང་རྒྱུ་དེ་ཡིན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རྒྱལ་ཁབ་རང་གི་གནས་ཚུལ་གཞི་རྩར་བྱས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན།
གོམ་པ་གཉིས་སྤོ་བ།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་སྐྲུན་པར་སྤྱི་ཁོག་གི་འཐབ་ཇུས་བཀོད་སྒྲིག་ནི་གོམ་པ་གཉིས་སྤོ་དགོས་པ་སྟེ། 2020ལོ་ནས2035ལོའི་བར་སྤྱི་ཚོགས་རིང་ལུགས་དེབ་རབས་ཅན་ཧ་ལམ་འགྲུབ་ཐུབ་པ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་དུ་རང་རྒྱལ་སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་ལྡན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་དགོས། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་འགོ་བཙུགས་པའི་གནད་འགག་གི་དུས་རིམ་ཡིན།
དོན་ཆེན་དང་པོ།
འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་ལས་འགན་ཨང་དང་པོ་ཡིན། འཕེལ་རྒྱས་ནི་ཏང་གི་སྲིད་འཛིན་རྒྱལ་དར་གྱི་དོན་ཆེན་དང་པོ་ཡིན།
རྩ་དོན་གལ་ཆེན།
མདུན་སྐྱོད་ཀྱི་འགྲོ་ལམ་དུ། ངེས་པར་དུ་འོག་གི་རྩ་དོན་གལ་ཆེན་དམ་འཛིན་ལྷོད་མེད་བྱ་དགོས་པ་སྟེ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་རྒྱུན་འཁྱོངས་བྱ་དགོས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱ་དགོས། བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་བྱ་དགོས།
ཤུགས་རྒྱག་ས།
དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། བཟོ་ལས་ཅན་གསར་པ་ལ་སྐུལ་འདེད་གཏང་དགོས་ཤིང་། བཟོ་སྐྲུན་རྒྱལ་ཁབ་སྟོབས་ལྡན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ལྡན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ལྡན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ལྡན། དྲྭ་རྒྱའི་རྒྱལ་ཁབ་སྟོབས་ལྡན། ཨང་ཀིའི་ཀྲུང་གོ་བཅས་འཛུགས་སྐྲུན་གང་མགྱོགས་བྱ་དགོས།
རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་ཕན་ནུས་ཧྲིལ་པོ།
གསར་གཏོད་ཀྱིས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་ཁྲོད་ཟིན་པའི་སྲོག་ཤིང་གོ་གནས་རྒྱུན་འཁྱོངས་བྱ་དགོས། རྒྱལ་ཡོངས་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒྲིག་སྲོལ་དཔེ་གསར་ཆ་ཚང་དུ་གཏོང་ཞིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོར་འགྲན་རྩོད་ནུས་པ་ལྡན་པའི་སྒོ་འབྱེད་གསར་གཏོད་ཀྱི་སྐྱེ་ཁམས་ཆགས་པར་བྱ་དགོས།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་ངོ་བོའི་ཁྱད་ཆོས་ཡིན་པ་དང་། ཁྱབ་རྒྱ་ཆེ་ཤོས་དང་། དོན་དངོས་དང་མཐུན་ཤོས། ཕན་གོ་ཆོད་ཤོས་བཅས་ཀྱི་དམངས་གཙོ་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཆ་ཚང་དུ་གཏོང་བ་དང་། མི་དམངས་སྒྲིག་རིམ་ལྡན་པར་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་བསྐྱེད་པ། མི་དམངས་ཀྱིས་ཁྲིམས་ལྟར་དམངས་གཙོས་འདེམས་བསྐོ་དང་། དམངས་གཙོས་གྲོས་མོལ། དམངས་གཙོས་ཇུས་གཅོད། དམངས་གཙོས་དོ་དམ། དམངས་གཙོས་ལྟ་སྐུལ་བཅས་བྱ་རྒྱུ་འགན་ལེན་བྱ་དགོས།
ཁྲིམས་ལྟར་རྒྱལ་སྐྱོང་།
ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། ཁྲིམས་ལྟར་སྲིད་དབང་སྐྱོང་བ། ཁྲིམས་ལྟར་སྲིད་དབང་འཛིན་པ་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པར་ཁྲིམས་འཛུགས་དང་། གཟབ་ནན་སྒོས་ཁྲིམས་བསྟར། དྲང་གཞག་སྒོས་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཕྱོགས་སོ་སོའི་ལས་ཀ་ཁྲིམས་སྐྱོང་ཅན་དུ་སྐུལ་འདེད་གཏང་དགོས།
སྤྱི་ཚོགས་རིང་ལུགས་རིག་གནས།
དེང་རབས་ཅན་དུ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་པར་ཁ་ཕྱོགས་པ་ཅན་དང་། མི་རིགས་དང་ཚན་རིག་དང་མང་ཚོགས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་དང་གསར་སྐྲུན་བྱེད་པའི་གསོན་ཤུགས་སྐུལ་སློང་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཇེ་ཆེར་གཏང་དགོས།
བགོ་བཤའི་ལམ་ལུགས་འཐུས་ཚང་གཏང་དགོས།
བགོ་བཤའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པ་རྒྱུན་འཁྱོངས་བྱས་ཏེ། མང་ལས་མང་ཐོབ་རྒྱུན་འཁྱོངས་དང་། ལས་བརྩོན་ཕྱུག་འགྱུར་ལ་བསྔགས་སྐུལ། གོ་སྐབས་དྲང་སྙོམས་ཡོང་བར་སྐུལ་སྤེལ། ཡོང་འབབ་དམའ་མོ་ཅན་གྱི་ཡོང་འབབ་འཕར་སྣོན་གཏོང་བ། ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་རྒྱ་སྐྱེད་གཏོང་བ། ཡོང་འབབ་བགོ་བཤའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། རྒྱུ་ནོར་གསོག་འཇོག་གི་ལམ་སྲོལ་ཚད་ལྡན་དུ་གཏང་དགོས།
ནུས་ཁུངས་མ་ལག་གསར་པ།
རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་ཀྱི་བསྐོས་ཐང་ལ་གཞི་ཚུགས་ཤིང་སྔོན་འཛུགས་རྗེས་གཏོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།འཆར་གཞི་དང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་ཚད་ལོན་བྱ་སྤྱོད་ལག་བསྟར་བྱ་དགོས། ནུས་ཁུངས་གསར་བརྗེ་གཏིང་ཟབ་ཏུ་སྤེལ་བ་དང་། རྡོ་སོལ་སྦགས་མེད་ཆོད་ཆེའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་གསར་པའི་མ་ལག་འཆར་འགོད་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས།
དུས་བདེའི་ཀྲུང་གོ་སྐྲུན་པའི་ཆུ་ཚད་དེ་བས་མཐོན་པོ།
ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་སྐྲུན་པ་དང་། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འགན་སྲུང་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་དབང་གི་བདེ་འཇགས་དང་། ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པ་དང་། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། ཐོན་ལས་མུ་ཕྲེང་དང་འདོན་སྤྲོད་མུ་ཕྲེང་གལ་ཆེན་བཅས་ཀྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས་ཤིང་། རང་རྒྱལ་གྱི་སྤྱི་དམངས་དང་ཁྲིམས་མིའི་རྒྱལ་ཕྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།
འཐབ་ཇུས་ཀྱི་ཟིལ་ཤུགས་མ་ལག།
དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱབ་སྟེ་མི་དམངས་དམག་དཔུང་གི་རྒྱལ་ཁ་ལེན་པའི་ནུས་པ་ཆེ་རུ་གཏང་དགོས། དམག་དོན་འཐབ་ཇུས་མཛུབ་སྟོན་གསར་གཏོད་བྱེད་པ་དང་། མི་དམངས་དམག་འཁྲུག་གི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་གཏང་དགོས། འཐབ་ཇུས་ཀྱི་ཟིལ་ཤུགས་ཆེ་བའི་སྟོབས་ཤུགས་མ་ལག་སྐྲུན་པ་དང་། ཁོངས་གསར་སྤུས་གསར་གྱི་དམག་འཐབ་སྟོབས་ཤུགས་ཀྱི་བསྡུར་ཚད་མཐོ་རུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས།
འགྲོ་ལམ་ལྡོག་མེད།
དུས་རབས་ཀྱིས་ང་ཚོར་འབོད་སྐུལ་གཏོང་བཞིན་ཡོད་པ་དང་། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱེད་བཞིན་ཡོད་པས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འགྲོ་ལམ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་སྐྲུན་བྱེད་པའི་ལྡོག་མེད་ཀྱི་འགྲོ་ལམ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པར་རང་རྒྱལ་གོང་འཕེལ་དར་རྒྱས་ཡོང་བའི་ལྡོག་མེད་ཀྱི་འགྲོ་ལམ། ཕྱོགས་ཡོངས་ནས་ཏང་ནན་པོར་བསྐྱང་རྒྱུ་ནི་ཏང་ལ་ནམ་ཡང་གསོན་ཤུགས་དང་སྐྱེ་སྟོབས་རྒྱས་པ་དང་རྒྱུགས་འབུལ་གྱི་འགྲོ་ལམ་གསར་པར་ཡག་པོ་བསྐྱོད་པའི་ལྡོག་མེད་ཀྱི་འགྲོ་ལམ་བཅས་ཡིན་པ་ངེས་པར་དུ་ཏང་ཡོངས་ཀྱིས་སེམས་ལ་བརྗེད་མེད་དུ་འཛིན་དགོས།
འཐབ་ཇུས་རང་བཞིན་གྱི་ལས་དོན།
ཏང་ཡོངས་ཀྱིས་གཞོན་ནུའི་ལས་དོན་དེ་འཐབ་ཇུས་རང་བཞིན་གྱི་ལས་དོན་དུ་བརྩིས་ནས་དམ་འཛིན་བྱེད་ཅིང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་གཞོན་ནུར་དྲག་ཆས་སྤྲས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྤྱད་ནས་གཞོན་ནུའི་ཡིད་འགུག་པ། གཞོན་ནུ་གྲོགས་པོ་ཚོའི་བློས་ཐུབ་གྲོགས་པོ་དང་། གཞོན་ནུའི་ལས་དོན་ལ་ལྷག་བསམ་ཅན། གཞོན་ནུ་མང་ཚོགས་ཀྱི་ལམ་སྟོན་པ་བཅས་བྱ་དགོས།།
ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། གསར་འགྱུར་མཉམ་བསྒྲགས་འཕྲིན་སྟེགས།