རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-20   རྩོམ་ཁུངས།    མི་དམངས་དྲ་བ།
ཟླ་10ཚེས་17ཉིན། ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག གསར་འགོད་པས་དྲིས་དོན། ཉེ་ཆར་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བས་གཅིག་རྗེས་གཉིས་མཐུད་ངང་གློག་འཕྲིན་བཏང་ནས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་རེད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
ཝང་ཝུན་པིན་གྱིས། ཉེ་ཆར། རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པས་གློག་འཕྲིན་བཏང་སྟེ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དེ་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་གཞག་གི་ལམ་ཚད་རྡོ་རིང་གསར་པར་འགྱུར་རྒྱུ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་འོག ཀྲུང་གོས་རྒྱལ་ཁའི་ངང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་པ་བསྟན་ཡོད། ཕྱོགས་ཁག་གིས་ད་དུང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཚུལ་དང་། ཀྲུང་གོ་ནི་འཛམ་གླིང་ཞི་བདེ་བདེ་འཇགས་དང་། ཕྱོགས་མང་རིང་ལུགས། དྲང་སྙོམས་དྲང་གཞག་བཅས་ཀྱི་འཛམ་གླིང་སྒྲིག་ལམ་དར་སྤེལ་གཏོང་མཁན་དང་། འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཞིང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བརྒྱུད་རྒྱལ་ཁབ་ཁག་གི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་མཛའ་གྲོགས་དང་རོགས་ཟླའི་འབྲེལ་བ་སྔར་བས་བརྟན་དུ་དང་གཏིང་ཟབ་ཏུ་གཏོང་འདོད་ཡོད་པ་ནན་བཤད་བྱས་ཡོད།
སེམས་ལ་གནམ་འོག་ན་ཡོད་ན། གྲོགས་པོ་གང་སར་ཁྱབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོ་ནི་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེའི་ངང་འཕེལ་རྒྱས་གཏོང་བའི་ལམ་བུར་བསྐྱོད་ནས། ཕན་ཚུན་བརྩི་བཀུར། དྲང་གཞག་དྲང་བདེན། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་བྱས་ནས། གོ་ལ་ཧྲིལ་པོའི་གནད་དོན་གལ་ཆེན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ནས། མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་ལ། འཛམ་གླིང་གི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད། རྒྱལ་སྤྱིའི་དམངས་འདོད་བརྟག་དཔྱད་མང་པོའི་ཐོག་ནས་འཛམ་གླིང་དང་ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད། ཀྲུང་གོར་ཡོངས་ཁྱབ་ངང་དགའ་བསུ་ཐོབ་པ་མངོན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཀྲུང་གོ་ནི“འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད”ཅེས་བསྔགས་བརྗོད་གནང་བ་རེད།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། མི་རིགས་བསྐྱར་དར་དོན་གཉེར་བྱེད་པ། མིའི་རིགས་ལ་ཡར་རྒྱས་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་མའི་བསམ་འདུན་མི་བསྒྱུར་ཞིང་དད་སེམས་སྔར་བས་བརྟན་དུ་བཏང་ནས། ཀྲུང་གོའི་མི་དམངས་སྣེ་ཁྲིད་དེ་ཀུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་བསྐྱར་དར་གྱི་ལེ་ཚན་མུ་མཐུད་རྩོམ་རྒྱུ། དུས་མཚུངས་སུ། ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་འཕེལ་རྒྱས་དེ་མིའི་རིགས་འཕེལ་རྒྱས་འགྲོ་བའི་གནས་ཚད་དུ་འཇོག་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པ། མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུ་ཡིན།