རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-10-26   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
བསྙལ་བཟོ་ལོ་རྒྱུས་ལོ་ངོ་སྟོང་ཕྲག་ལྷག་ཡོད་པའི་སྲོལ་རྒྱུན་གྱི་འབྲི་ཞོའི་ནང་དུ། སྐྱེ་དངོས་རིག་པའི་བྱེད་ནུས་དམིགས་བསལ་ལྡན་པའི་རང་སའི་འོ་སྐྱུར་ཕྲ་སྲིན་གྱི་སྲིན་རིགས་ཤིག་ཡོད་ཅིང་། དེ་ནི་འཛམ་གླིང་གི་ཐལ་དྲགས་པའི་ཁོར་ཡུག་ཆ་རྐྱེན་འོག་གི་རྩ་ཆེ་ཞིང་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་ཕྲ་རབ་ཀྱི་རྒྱུད་རྒྱུ་ཐོན་ཁུངས་ཤིག་ཡིན་པ་དང་། དུས་མཚུངས་སུ་རང་རྒྱལ་གྱི་བོད་རིགས་མི་དམངས་འཚོ་སྡོད་ས་ཁུལ་གྱི་བཟའ་བཏུང་དང་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཀྱང་ཡིན། ད་སྐབས་ཀྱི་ཞིབ་འཇུག་བྱས་འབྲས་ལྟར་ན། སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་ནང་གི་འོ་སྐྱུར་ཕྲ་སྲིན་དང་སྐྱུར་རྩི་ཕྲ་སྲིན་གྱི་འདུས་ཚད་ནི་སྲོལ་རྒྱུན་བསྙལ་བཟོའི་ཞོ་གཞན་པ་ལས་མཐོ་བ་རེད།
ལན་ཀྲོའུ་སློབ་ཆེན་ཚེ་སྲོག་ཚན་རིག་གླིང་གི་དགེ་རྒན་ཆེ་མོ་ཀུའོ་ཞུས་ཧྲེང་གི་ཞིབ་འཇུག་ཚོགས་པ་ཡིས་ལོ་བཅུ་ལ་ཉེ་བ་ཙམ་དུ་ཞིབ་འཇུག་བྱས་པ་བརྒྱུད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁུལ་མི་འདྲ་བའི་ནང་གི་སྲོལ་རྒྱུན་འབྲི་ཞོ་བསྙལ་བཟོའི་ནང་གི་སྐྱེ་དངོས་ཕྲ་རབ་ཁྱུ་ཚོགས་ཀྱི་གྲུབ་ཚུལ་དང་སྣ་མང་རང་བཞིན་གྱི་ཁྱད་ཆོས་གསལ་འབྱེད་བྱས་པ་དང་། འདི་ནི་མདོ་དབུས་མཐོ་སྒང་ཁྱབ་ཁོངས་ནས་ཐེངས་དང་པོར་གཞི་རྒྱ་ཆེ་བའི་ངང་སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་ནང་གི་འོ་སྐྱུར་ཕྲ་སྲིན་གྱི་སྣ་མང་རང་བཞིན་གསར་འགོད་བྱས་པ་ཡིན་པར་མ་ཟད། ད་དུང་མཚོ་འཕགས་དམའ་ཁུལ་གྱི་སྲོལ་རྒྱུན་བསྙལ་བཟོའི་ཞོ་རིགས་བཟའ་ཆས་གཞན་པའི་ནང་གི་འོ་སྐྱུར་ཕྲ་སྲིན་གྱི་སྣ་མང་རང་བཞིན་དང་ཁྱད་པར་མངོན་གསལ་ཡོད་པ་རེད།
ཀུའོ་ཞུས་ཧྲེང་གི་ཞིབ་འཇུག་ཚོགས་པ་ཡིས་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ཡི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ས་རྒྱུས་ཁུལ་ལྔ་ནས་གཞི་རྒྱ་ཆེ་བའི་ངང་སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་མ་དཔེ་བསྡུ་ལེན་དང་འོ་སྐྱུར་ཕྲ་སྲིན་གྱི་ཁ་འབྱེད(分离)དང་དབྱེ་གཅོད(鉴定)ཀྱི་བྱ་བ་བསྒྲུབས་ནས་འོ་སྐྱུར་ཕྲ་སྲིན་གྱི་སྲིན་རྐང(菌株)3200ལྷག་ལ་དབྱེ་གཅོད་གསོག་ཉར་བྱས་པ་རེད། སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་གྲུབ་ཚུལ་རྙོག་འཛིང་ཆེ་བ་རྟོགས་པ་དང་། ཁྱོན་བསྡོམས་འོ་སྐྱུར་ཕྲ་སྲིན་ནམ་ཡང་ན་ཕྲ་སྲིན་ཕལ་བའི་རིགས47དང་སྐྱུར་རྩིའི་རིགས9ཙམ་དབྱེ་གཅོད་བྱུང་བ་རེད།
ཞིབ་འཇུག་ཚོགས་པ་ཡིས་སྐྱེ་དངོས་ཕྲ་རབ་ཀྱི་བརྒྱུད་ཚད་མཐོ་བའི་ཨང་བཤེར(微生物高通量测序)ཞིབ་འཇུག་བྱས་པ་བརྒྱུད། སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་ནང་གི་འོ་སྐྱུར་ཕྲ་སྲིན་གྱི་སྣ་མང་རང་བཞིན་དང་མཚོ་འཕགས་དམའ་བའི་ཁོར་ཡུག་ཆ་རྐྱེན་འོག་གི་སྲོལ་རྒྱུན་བསྙལ་བཟོའི་ཟས་རིགས་ནང་གི་འོ་སྐྱུར་ཕྲ་སྲིན་ལ་ཁྱད་པར་མངོན་གསལ་ཡོད་པ་ཤེས་པ་རེད། འོ་སྐྱུར་ཕྲ་སྲིན་གྱི་ལེགས་ཆའི་སྲིན་རྐང་ནི་ཏེ་ཧྲི་འོ་དབྱུག་སྲིན(德氏乳杆菌)དང་མཆིལ་མའི་ཕྲེང་འབྲེལ་ཟླུམ་སྲིན།(唾液链球菌) ཚ་ཞེན་ཕྲེང་འབྲེལ་ཟླུམ་སྲིན།(嗜热链球菌) སུའེ་ཙེར་འོ་དབྱུག་སྲིན།(瑞士乳杆菌) དབྱུག་སྲིན་དང་ཕྲེང་འབྲེལ་ཟླུམ་སྲིན་ལ་གཏོགས་པའི་ཤེས་རྟོགས་བྱུང་མེད་པའི་རིགས་བཅས་ཡིན་པ་དང་། ཆང་བསྙལ་བའི་ཕབ་རྩི་དང་ཁུའུ་ཏེ་པི་ཁྲི་སྐྱུར་རྩི།(库德毕赤酵母) ཧན་སི་པ་ཧྲི་ཕབ་རྩི(库德毕赤酵母)བཅས་ནི་ལེགས་ཆའི་སྨར་སྲིན(真菌)ཡིན་ཞིང་། དེའི་ནང་གི་ཆང་བསྙལ་བའི་ཕབ་རྩི་ནི་ཆེས་གལ་ཆེ་བའི་སྨར་སྲིན་རིགས་ཤིག་ཡིན། དུས་མཚུངས་སུ། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་འཕགས་དམའ་ཁུལ་གྱི་འོ་སྐྱུར་ཕྲ་སྲིན་དང་བསྡུར་ན། མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་རྒྱུ་ཆ་སྟེ་འབྲི་མོའི་འོ་མའི་ནང་གི་འོ་སྐྱུར་ཕྲ་སྲིན་ལ་དབྱང་འགྱུར་འགོག་པའི་གྲུང་གཤིས་དྲག་པོ་ཡོད་པ་རེད།
སྐྱེ་ཁམས་ཁུལ་ལྔ་ཡི་ནང་དུ། མདོ་དབུས་མཐོ་སྒང་གི་ནུབ་རྒྱུད(ནམ་ཟླའི་ཁོར་ཡུག་ཆེས་སྡུག་ཅིང་མཚོ་འཕགས་སྨི4591ནས4977གྱི་བར)སྐྱེ་ཁམས་ཁུལ་གྱི་མ་དཔེའི་ནང་གི་ཏེ་ཧྲི་འོ་དབྱུག་སྲིན་གྱི་འདུས་ཚད་བལྟོས་བཅས་ཀྱིས་ཆེས་དམའ་ནའང་། མཆིལ་མའི་ཕྲེང་འབྲེལ་ཟླུམ་སྲིན་དང་ཚ་ཞེན་ཕྲེང་འབྲེལ་ཟླུམ་སྲིན་གཉིས་ཀྱི་འདུས་ཚད་བལྟོས་བཅས་ཀྱིས་ཆེས་མཐོ་བ་དང་། དྲོ་འཇམ་ནམ་ཟླའི་སྐྱེ་ཁམས་ཁུལ་གྱི་མ་དཔེའི་ནང་གི་ཕྲ་སྲིན་གྱི་སྣ་མང་རང་བཞིན་ཅུང་དམའ་ནའང་། སྨར་སྲིན་གྱི་སྣ་མང་རང་བཞིན་ཅུང་མཐོ་བ་རེད།
ཞིབ་འཇུག་འདི་ཡིས་མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་ཐོན་ཁུངས་གནས་ཚུལ་གྱི་བརྡ་འཕྲིན་གལ་ཆེན་འདོན་སྤྲོད་བྱས་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱིས་སྲོལ་རྒྱུན་བསྙལ་བཟོའི་འབྲི་འོ་ཡི་ནང་གི་སྐྱེ་དངོས་ཕྲ་རབ་ཀྱི་གྲུབ་ཚུལ་ལ་ཤུགས་རྐྱེན་མངོན་གསལ་ཐེབས་ཡོད་པ་བསྟན་པར་མ་ཟད། ད་དུང་མདོ་དབུས་མཐོ་སྒང་གི་སྲོལ་རྒྱུན་བསྙལ་བཟོའི་འབྲི་ཞོའི་འོ་ཁུངས་ཀྱི་རང་སའི་འོ་སྐྱུར་ཕྲ་སྲིན་གྱི་རྒྱུད་རྒྱུའི་ཐོན་ཁུངས་མཛོད་བསྐྲུན་ཏེ་རང་བདག་ཤེས་བྱའི་ཐོན་དབང་ཡོད་པའི་འོ་སྐྱུར་ཕྲ་སྲིན་གྱི་སྲིན་རིགས་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་ལའང་འོ་སྐྱུར་ཕྲ་སྲིན་གྱི་སྲིན་རིགས་ཐོན་ཁུངས་རྩ་ཆེན་ཞིག་མཁོ་འདོན་བྱས་ཡོད།