མཚོ་སྔོན་ཞིང་ཆེན་གྱི་པར་ལེན་མཁན་ལ་ཞང་ཀང་རྒྱལ་ཡོངས་པར་ལེན་སྒྱུ་རྩལ་འགྲེམ་སྟོན་གྱི་བྱ་དགའ་མང་པོ་ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-03   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

«ཆར་ཤ་སླེབས་ཁར»གསེར་གྱི་རྟགས་མ། ཅའོ་ཧྲེང་ཧྥུ་ཡིས་པར་བླངས།

        ཉེ་ཆར། ཞང་ཀང་རྒྱལ་ཡོངས་པར་ལེན་སྒྱུ་རྩལ་འགྲེམ་སྟོན་སྐབས12པའི“སྲོག་ཆགས་དང་མེ་ཏོག་པར་རིས་རིགས་སྐོར”གྱི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པར། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་སམ་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོ་རང་བྱུང་སྲུང་སྐྱོབ་མཐུན་ཚོགས་ཀྱི་གན་བཞག་པར་ལེན་མཁན4མིང་ཐོའི་ཁྲོད་ཚུད་ཡོད་ལ། དེའི་ཁྲོད་དུ་དབུ་བཞུགས་གན་བཞག་པར་ལེན་མཁན་ཅའོ་ཧྲེང་ཧྥུ་ཡི་བརྩམས་ཆོས«ཆར་ཤ་སླེབས་ཁར»ཞེས་པར་གསེར་གྱི་རྟགས་མ་དང་། ལིའུ་ཞང་གི་བརྩམས་ཆོས«བརྩེ་སྙེག»ལ་དངུལ་གྱི་རྟགས་མ། ཡུས་ཝུའུ་ལིང་གི་བརྩམས་ཆོས«དམར་འཛིང»ལ་ཟངས་ཀྱི་རྟགས་མ། སྐལ་བཟང་ཚེ་རིང་གི་བརྩམས་ཆོས«བྱམས་གཅེས»ལ་ཕུལ་བྱུང་རྟགས་མ་བཅས་ཀྱི་བྱ་དགའ་ཐོབ།

«བརྩེ་སྙེག»དངུལ་གྱི་རྟགས་མ། ལིའུ་ཞང་གིས་པར་བླངས།

        ཞང་ཀང་རྒྱལ་ཡོངས་པར་ལེན་སྒྱུ་རྩལ་འགྲེམ་སྟོན་གྱི་དཔྱད་འདེམ་བརྒྱུད་རིམ་ནི་ཤིན་ཏུ་གཟབ་ནན་ལྡན་ཞིང་། དཔྱད་འདེམ་ལ་ཐོག་མའི་དཔྱད་འདེམ་དང་རིགས་སྐོར་དཔྱད་འདེམ། མཐའ་མའི་དཔྱད་འདེམ་བཅས་ཀྱི་བརྒྱུད་རིམ་གསུམ་ཡོད་པ་དང་། དཔྱད་འདེམ་པ་རྣམས་ཀྱང་འཛམ་གླིང་གི་གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ་བཅུ་བདུན་གྱི་རྒྱལ་ཁབ་ཕྱི་ནང་གི་པར་ལེན་མཁན་གྲགས་ཅན་དང་། ས་གནས་སོ་སོའི་པར་ལེན་མཐུན་ཚོགས་ཀྱི་འགན་འཛིན་པ་གཙོ་གྲས། སྨྱན་བྱད་གཙོ་གྲས། པར་ལེན་ཁང་སོ་སོའི་འགན་འཛིན་པ་གཙོ་གྲས་དང་བཅས་པའི་སྐབས་སྔོན་མ་དག་གི་ཞང་ཀང་རྒྱལ་ཡོངས་བརྙན་པར་འགྲེམ་སྟོན་ལས་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་པ་བཅས་ཀྱིས་གྲུབ་ཡོད།

«དམར་འཛིང»ཟངས་ཀྱི་རྟགས་མ། ཡུས་ཝུའུ་ལིང་གིས་པར་བླངས།

        ཡོད་ཚད་གོ་ལ་ཧྲིལ་པོའི་པར་ལེན་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་པར་ལེན་ལས་རིགས་ཀྱི་འཕེལ་རྒྱས་དང་དཔུང་སྟོབས་རྒྱས་པར་སྐུལ་འདེད་དང་སྐུལ་ལྕག་གཏོང་ཕྱིར་ཡིན་པས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་གོ་བའི་པར་ལེན་པའི་སྡེ་རུ་ཤུགས་རྐྱེན་དང་དབང་གྲགས་རང་བཞིན་ཆེ་རུ་ལྡན་ཡོད། 2008ལོའི་ཟླ3པའི་ཚེས11ཉིན་ཞང་ཀང་དཀྱིལ་སྙིང་དཔེ་མཛོད་ཁང་དུ་སྤེལ་བའི་ཚུན་དུ། ད་ལྟའི་བར་ཐེངས11ལ་སྤེལ་བ་དང་། ཀྲུང་གོ་བའི་པར་ལེན་པའི་སྡེ་ཡི་དོ་ཁུར་ཆེ་རུ་ཐོབ་ཡོད།

«བྱམས་གཅེས»ཕུལ་བྱུང་རྟགས་མ། སྐལ་བཟང་ཚེ་རིང་གིས་པར་བླངས།