རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-11-15   རྩོམ་ཁུངས།    འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
གཅིག བཤད་ཚུལ་གང་ཞིག་བདེན་པ་ཡིན་ནམ།
ཀ ཆམ་པའི་ནད་རྟགས་ཅུང་ཡང་བའི་སྐབས། སྨན་བཅོས་བྱ་མི་དགོས་པར། ངལ་གསོ་ལེགས་པོ་བྱེད་པ་དང་ཆུ་ཁོལ་འོས་འཚམ་འཐུང་བའམ་ཡང་ན་ནམ་རྒྱུན་ལས་ཆུ་ཁོལ་མང་དུ་འཐུང་ན་ཆོག་པ་ཡིན།
ཁ ཆམ་པ་བྱུང་དུས། ཚ་རྒྱས་པ་དང་རྔུལ་ཆུ་མང་བ། དབུགས་འཚང་བ་སོགས་ཀྱི་ནད་རྟགས་ཡོད་ན། ཆུ་ཁོལ་མང་དུ་འཐུང་ན་ཆོག་ལ། འདི་ནི་ལུས་པོ་སྐོམ་པའི་རྟགས་ཡིན།
ག ཆམ་པ་ཚབས་ཆེན་ནམ་ཡང་ན་གློ་ཚད་ལ་འགྱུར་དུས། ལུས་ཀྱིས་ཆུ་སྲུང་རང་བཞིན་གྱི་དངོས་པོ་སྟེ་གཅིན་གཏོང་སྐུལ་རྩི(抗利尿激素)མང་པོ་ཕྱིར་གཏོང་བྱེད་པ་དང་། དེའི་སྐབས་སུ་ཆུ་ཁོལ་མང་དུ་འཐུང་ན། ལུས་ཀྱི་ཆུའི་འདུས་ཚད་ཇེ་མང་དུ་གྱུར་ནས་ནཱ་དམའི་ཁྲག་ནད(低钠血症)བྱུང་སྟེ་ཐང་ཆད་ཅིང་ཤུགས་མེད་པ་དང་མཚམས་རེ་ལ་འཁུམ་འདར(抽搐)ཡང་བྱེད་པ་ཡིན།
མཉམ་འཇོག་བྱ་དགོས་པ་ཞིག་ལ། ཆམ་པ་བྱུང་དུས། རེ་ཐེངས་གཅིག་གམ་ཡང་ན་དུས་ཡུན་ཐུང་ངུའི་ནང་ལ་བསྟུད་མར་ཆུ་ཁོལ་ཕོར་བ་འགའ་རེ་འཐུང་བ་དང་། དེ་ནས་ཡང་ཆུ་ཚོད་འགའ་ཤས་ཀྱི་ནང་ལ་ཆུ་ཁོལ་ཕྲན་ཙམ་ཡང་མི་འཐུང་བ་བྱ་མི་རུང་།
གཉིས། ཆམ་པ་དྲག་རྒྱུ་མེད་ན། གང་ལ་དོགས་ཟོན་བྱ་དགོས་སམ།
རྒྱུན་ལྡན་གྱི་ཆམ་པ་མང་ཤོས་ལ་ཚད་བཀག་རང་བཞིན་ཡོད་ཅིང་། ནད་བབ་ཡང་བ་དང་ན་ཡུན་ཐུང་བ། རང་འགུལ་ངང་དྲག་པ་བཅས་ཡིན་པར་མ་ཟད། ད་དུང་སྨན་བཅོས་བྱས་ནའང་ཕན་འབྲས་བཟང་བོ་ཐོན་པ་ཡིན།
ཡིན་ནའང་། ལོ་ལོན་དང་ལུས་སྟོབས་ཞན་པ། ནད་རྙིང་མང་བའི་མི་ཚོགས་ཉུང་ངུ་དང་། ལྷག་པར་དུ་དལ་ལངས་རང་བཞིན་གྱི་གློ་ནད་ཕོག་མཁན་ལ་ཚབས་ཆེ་བའི་ནད་མང་མཉམ་དུ་བྱུང་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མེད་པར་འགྱུར་བ་ཡིན།
ཆམ་པ་ལས་བསྐྱེད་པའི་ནད་མང་མཉམ་བྱུང་ལ། གཙོ་བོ་ནི་དོས་དྲག་སྣ་བའི་གཉན་ཚད་དང་དོས་དྲག་བར་རྣའི་གཉན་ཚད། གྲེ་བ་སྐྲངས་པ། དབུགས་འཚང་བ། མཇིང་རྨེན་གཉན་ཚད། དབུགས་ལམ་འོག་མ་རེད་པ་བཅས་ཡོད་ཅིང་། ནད་པ་ཉུང་ངུ་ལ་གྲུམ་ནད་དང་མཁལ་མའི་གཉན་ཚད། ནད་དུག་རང་བཞིན་གྱི་སྙིང་ཤའི་གཉན་ཚད་སོགས་འབྱུང་བ་ཡིན།
རྒྱུན་ལྡན་གྱི་ཆམ་པའི་ནད་བབ་ཚབས་ཆེན་དུ་གྱུར་ན། དུས་ཐོག་ཏུ་སྨན་བཅོས་བྱས་ཏེ་ནད་གཞི་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱ་དགོས།
གསུམ། ཆམ་པ་འབྱུང་བར་སྔོན་འགོག་ཇི་ལྟར་བྱེད་དམ།
ཀ འཚོ་བའི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་བྱས་ཏེ་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བ་སྟེ། དཔེར་ན། སེམས་ཁམས་བཟང་པོ་ཡོད་པར་བྱེད་པ་དང་། ཧམ་ཟ་ཧམ་འཐུང་མི་བྱེད་པ། འཚོ་བཅུད་དོ་སྙོམས་ཡིན་པ། གཉིད་མི་ཆག་པ། འགུལ་སྐྱོད་འོས་འཚམ་བྱེད་པ། དུ་བ་མི་འཐེན་པ་དང་ཆང་ཉུང་དུ་འཐུང་བ་སོགས་བྱ་དགོས།
ཁ ནམ་ཟླའི་འགྱུར་བ་ལ་གཞིགས་ནས་གྱོན་པ་སྣོན་འཕྲི་བྱེད་པ།
ག ཆམ་ནད་མཆེད་པའི་དུས་ཚིགས་ལ། ཁ་ཐུམ་བརྒྱག་པ་དང་ལག་པ་བཀྲུ་དགོས།
ང ཆམ་རིམས་ཀྱི་འགོག་སྨན་བརྒྱག་དགོས། ཡིན་ནའང་། ཆམ་རིམས་ནད་དུག་འགོག་སྨན་གྱིས་ཆམ་རིམས་ལ་ཕན་པ་ལས་རྒྱུན་ལྡན་གྱི་ཆམ་པར་སྔོན་འགོག་བྱ་མི་ཐུབ།