རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-01   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།
བློ་མཐུན་ཅང་ཙེ་རྨིན་གྱི་གཤིན་པར།
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་ཕུལ་བའི་ཡི་གེ
ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྐྱོ་གདུང་ཧ་ཅང་ཆེན་པོའི་ངང་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་བརྡ་ཁྱབ་གཏོང་རྒྱུར། ང་ཚོའི་གུས་ཤིང་བརྩེ་བའི་བློ་མཐུན་ཅང་ཙེ་རྨིན་ལ་ཁྲག་རིལ་དཀར་པོའི་སྙུན་གཞི་ཕོག་པ་དང་འབྲེལ་དོན་ལྔའི་བྱེད་ནུས་མང་པོ་ཉམས་པའི་དབང་གིས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར། 2022ལོའི་ཟླ11པའི་ཚེས30ཉིན་གྱི་ཆུ་ཚོད12དང་སྐར་མ13ཐོག་ཧྲང་ཧའེ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ96ལ་ཕེབས་ཡོད།
བློ་མཐུན་ཅང་ཙེ་རྨིན་ནི་རང་རེའི་ཏང་དང་རང་རེའི་དམག རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཚང་མས་ཁས་ལེན་ཞུ་བའི་བླ་མེད་སྙན་གྲགས་ལྡན་པའི་འགོ་ཁྲིད་མི་སྣ་ཁྱད་དུ་འཕགས་པ་ཞིག་དང་། རླབས་ཆེ་བའི་མར་ཁེ་སི་རིང་ལུགས་པ། རླབས་ཆེ་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན། ཆབ་སྲིད་མཁས་ཅན། དམག་དོན་མཁས་ཅན། ཕྱི་འབྲེལ་མཁས་ཅན་བཅས་དང་། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེའི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་གཏོད་གནང་མཁན་གཙོ་བོ་བཅས་རེད།
བློ་མཐུན་ཅང་ཙེ་རྨིན་གྱིས་སྐུ་ན་གཞོན་དུས་ནས་སློབ་སྦྱོང་ལ་འབད་བརྩོན་དང་བདེན་དོན་བརྩོན་ལེན་གནང་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་དང་དམངས་གཙོའི་གསར་བརྗེའི་བསམ་བློས་ཁོང་གི་བློ་སྒོ་འབྱེད་ཡོད། སློབ་ཆེན་དུ་སློབ་སྦྱོང་གནང་རིང་། ལྗར་འགོག་རྒྱལ་གཅེས་བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་བརྒྱུད། བློ་མཐུན་ཅང་ཙེ་རྨིན་ལ་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་ཡང་དག་ཅིག་ཆགས་པ་དང་། མི་ཚེའི་བགྲོད་ལམ་གྱི་གདམ་ག་ལེགས་གྲུབ་བྱུང་བས། མཐར་མི་རིགས་བཅིངས་འགྲོལ་དང་མི་དམངས་བདེ་སྐྱིད་ཡོང་ཆེད་འབད་འཐབ་གནང་བའི་མི་ཚེའི་ཕུགས་བསམ་དང་དད་སེམས་གཏན་འཁེལ་བྱུང་ཡོད། 1947ལོར་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། བློ་མཐུན་ཅང་ཙེ་རྨིན་གྱིས་བཟོ་གྲྭར་ཕྱག་ལས་གནང་བ་དང་། བཟོ་པ་མང་ཚོགས་དང་གཞོན་ནུ་ཚོགས་པའི་མཚན་མོའི་སློབ་གྲྭའི་ལས་རིགས་གཞོན་ནུ་ཚོའི་ཁྲོད་དུ་གསར་བརྗེའི་དྲིལ་བསྒྲགས་ཀྱི་ཕྱག་ལས་གནང་ཞིང་། 1949ལོར་བཟོ་པ་མང་ཚོགས་སྒྲིག་འཛུགས་གནང་སྟེ་བཟོ་གྲྭ་སྲུང་བའི་བྱེད་སྒོ་སྤེལ་ནས་ཧྲང་ཧའེ་བཅིངས་འགྲོལ་གཏོང་རྒྱུར་བསུ་བ་ཞུས་ཡོད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་འགོར། བློ་མཐུན་ཅང་ཙེ་རྨིན་གྱིས་སྔ་རྗེས་སུ་ཧྲང་ཧའེ་དམངས་ཕན་བཟའ་བཅའི་བཟོ་གྲྭ་དང་པོའི་འགོ་འཛིན་གཞོན་པ་དང་པོ་དང་། ཧྲང་ཧའེ་འདག་རྫས་བཟོ་གྲྭའི་འགོ་འཛིན་གཞོན་པ་དང་པོ། འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་ཇུས་འགོད་ཡན་ལག་ཅུས་གཉིས་པའི་གློག་ཆས་ཆེད་ལས་ཁོའོ་ཡི་ཁོའོ་ཀྲང་སོགས་ཀྱི་འགན་བཞེས། 1954ལོར། རྒྱལ་ཁབ་ཀྱིས་ཁྲང་ཁྲུན་དུ་རླངས་འཁོར་བཟོ་གྲྭ་དང་པོ་གསར་སྐྲུན་བྱས་པས། ཆེད་ལས་ལག་རྩལ་ལས་བྱེད་པ་དང་དོ་དམ་ལས་བྱེད་པ་འབོར་ཆེན་དགོས་སྟབས། བློ་མཐུན་ཅང་ཙེ་རྨིན་གྱིས་ལས་སྒྱུར་དང་ལེན་གནང་ནས་དེ་གར་ཕེབས་པ་དང་། 1955ལོར་སུའུ་ལེན་མོ་སི་ཁོའི་སི་ཏ་ལིན་རླངས་འཁོར་བཟོ་གྲྭར་དངོས་སྦྱོང་གནང་བར་ཕེབས། 1956ལོར་རྒྱལ་ནང་དུ་ལོག་ཕེབས་རྗེས། བློ་མཐུན་ཅང་ཙེ་རྨིན་གྱིས་ཁྲང་ཁྲུན་རླངས་འཁོར་བཟོ་གྲྭ་དང་པོའི་སྒུལ་ཤུགས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་དང་། སྤྱི་ཁྱབ་སྒུལ་ཤུགས་དབུ་ཆེན་གཞོན་པ། སྒུལ་ཤུགས་ཡན་ལག་བཟོ་གྲྭའི་འགོ་འཛིན་བཅས་ཀྱི་འགན་བཞེས། 1962ལོར་བློ་མཐུན་ཅང་ཙེ་རྨིན་གྱིས་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཧྲང་ཧའེ་གློག་ཆས་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་གནང་ཞིང་ཚན་རིག་ཞིབ་འཇུག་ཁང་དེའི་ཚན་ཞིབ་འགོ་ཁྲིད་ཀྱི་འགན་བཞེས། 1966ལོར་བློ་མཐུན་ཅང་ཙེ་རྨིན་ཝུའུ་ཧན་ཚ་ཤུགས་བཟོ་ལས་འཕྲུལ་ཆས་ཞིབ་འཇུག་ཁང་གི་འགོ་འཛིན་དང་ཏང་ཨུད་ཀྱི་ཧྲུའུ་ཅིའི་ལས་ཚབ་ཏུ་བསྐོ་གཞག་གནང་བ་དང་། རྗེས་སུ་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་ནས་རྡུལ་ཕྲན་ནུས་པའི་གློག་འདོན་སྒྲིག་ཆས་ཇུས་འགོད་ཀྱི་ལས་ཀ་སྒྲིག་འཛུགས་གནང་བ་རེད། “རིག་གནས་གསར་བརྗེ་ཆེན་པོ”འགོ་ཚུགས་རྗེས། བློ་མཐུན་ཅང་ཙེ་རྨིན་ལ་རྡུང་རྡེག་ཕོག་ཡོད། 1970ལོར་བློ་མཐུན་ཅང་ཙེ་རྨིན་འཕྲུལ་ཆས་བཟོ་ལས་པུའུ་དང་པོར་ལས་སྒྱུར་གནང་བ་དང་། 1971ལོར་ཀྲུང་གོའི་འཕྲུལ་ཆས་བཟོ་ལས་པུའུ་དང་པོས་རོ་མ་ཉི་ཡ་རུ་བཅའ་སྡོད་བྱེད་དུ་བཏང་བའི་རིགས་གཅིག་མཁས་པའི་ཚོ་ཆུང་གི་སྤྱི་ཁྱབ་ཙུའུ་ཀྲང་གི་འགན་བཞེས། 1973ལོར་རང་རྒྱལ་དུ་ལོག་ཕེབས་ནས་སྔ་རྗེས་སུ་འཕྲུལ་ཆས་བཟོ་ལས་པུའུ་དང་པོའི་ཕྱི་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་གི་འགན་བཞེས། 1980ལོར་བློ་མཐུན་ཅང་ཙེ་རྨིན་གྱིས་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་དོ་དམ་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཕྱི་རྒྱལ་མ་འཇོག་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཡིག་ཆེན་མོ་གཅིག་ལྕོགས་དང་། ཏང་ཙུའུ་ཡི་ཁོངས་མི་བཅས་ཀྱི་འགན་བཞེས་ཤིང་། ཀོང་ཏུང་དང་ཧྥུ་ཅན་ཞིང་ཆེན་གཉིས་སུ་དམིགས་བསལ་སྲིད་ཇུས་དང་སྟབས་བསྟུན་གྱི་བྱེད་ཐབས་ལག་བསྟར་དང་། དཔལ་འབྱོར་དམིགས་བསལ་ཁུལ་ཚོད་ལྟའི་གཉེར་སྐྱོང་བྱ་རྒྱུ་སོགས་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་རྒྱུར་དོ་དམ་གནང་ཡོད། 1982ལོར་བློ་མཐུན་ཅང་ཙེ་རྨིན་གྱིས་གློག་རྡུལ་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 1983ལོར་པུའུ་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཏེ་རང་རྒྱལ་གྱི་གློག་རྡུལ་བཟོ་ལས་གོང་དུ་སྤེལ་བར་བྱས་རྗེས་གལ་ཆེན་འཇོག་གནང་མཛད། 1982ལོའི་ཟླ་9པར་བློ་མཐུན་ཅང་ཙེ་རྨིན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་ཀྲུང་དབྱང་ཨུ་ཡོན་དུ་བདམས་ཐོན་བྱུང་ཡོད།
1985ལོར་བློ་མཐུན་ཅང་ཙེ་རྨིན་གྱིས་ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་དང་ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས། 1987ལོར་བློ་མཐུན་ཅང་ཙེ་རྨིན་ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དུ་བདམས་ཐོན་བྱུང་བ་མ་ཟད། ཀྲུང་གུང་ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་ཡང་བཞེས་གནང་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་གྲོང་སྤྱི་དང་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་རིང་། བློ་མཐུན་ཅང་ཙེ་རྨིན་གྱིས་ཧྲང་ཧའེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྙིང་སྟོབས་ཆེར་སྐྱེད་དང་འཚོལ་ཞིབ་བྱེད་ཕོད་པའི་སྒོ་ནས་ཧྲང་ཧའེ་ཡི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་གལ་ཆེའི་འགག་གཏོར་ཡོང་རྒྱུར་སྐུལ་འདེད་བཏང་གནང་བ་དང་། ཕུའུ་ཏུང་གསར་སྤེལ་དང་སྒོ་དབྱེ་བྱ་རྒྱུར་འཆར་འགོད་དང་གྲ་སྒྲིག་གནང་བ། ཏང་འཛུགས་སྐྱོང་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྲུན་བཅས་ལ་གྲུབ་འབྲས་གལ་ཆེན་ཐོབ་རྒྱུར་སྐུལ་འདེད་བཏང་གནང་ཡོད།1989ལོའི་དཔྱིད་དབྱར་གཉིས་ཀྱི་མཚམས་སུ། རང་རྒྱལ་དུ་ཆབ་སྲིད་ ཟིང་ཆ་ཚབས་ཆེན་ལངས་པ་དང་། བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་ཀྲུང་དབྱང་གི་དར་ཆ་གསལ་སྟོན་ངང་ཟིང་ཆར་ངོ་རྒོལ་དང་སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་སྲིད་དབང་སྲུང་སྐྱོབ། མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱེད་པའི་སྐོར་གྱི་ཡང་དག་བཀོད་ཇུས་ལ་བརྩི་བཀུར་དང་ལག་བསྟར་གནང་ཞིང་། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་དམ་པོར་བརྟེན་ནས་ཧྲང་ཧའེ་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ནུས་ལྡན་གནང་ཡོད།
1989ལོར། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བློ་མཐུན་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བ་རེད། ལོ་དེར། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བློ་མཐུན་ཅང་ཙེ་རྨིན་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་གཏན་འཁེལ་གནང་ཡོད། 1990ལོར། སྐབས་བདུན་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ཡོད།
བློ་མཐུན་ཅང་ཙེ་རྨིན་ནི་ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་ཡིན་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་བཅུ་པའི་དུས་མཇུག་དང་ལོ་རབས་དགུ་བཅུ་པའི་དུས་འགོར། རྒྱལ་སྤྱི་རྒྱལ་ནང་དུ་ཆབ་སྲིད་ཟིང་ཆ་ཚབས་ཆེན་ལངས་པ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་འགལ་རྐྱེན་ཚབས་ཆེན་བྱུང་ཞིང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གོང་དུ་སྤེལ་བར་སྔར་བྱུང་མ་མྱོང་བའི་དཀའ་ངལ་དང་གནོན་ཤུགས་འཕྲད་ཡོད། ཏང་དང་རྒྱལ་ཁབ་ཀྱི་མདུན་ལམ་དང་ལས་དབང་ཐག་གཅོད་བྱེད་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་མཚམས་སུ། བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་དམ་པོར་བརྟེན་ཐོག དར་ཆ་གསལ་སྟོན་གྱིས་གཞི་རྩའི་རྩ་བའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། རྒྱལ་ཁབ་ཀྱི་རང་བཙན་དང་། ལ་རྒྱ། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་གཡོ་འགུལ་མེད་པར་རྒྱུན་འཁྱོངས། སྒྱུར་བཅོས་སྒོ་དབྱེ་རྒྱུན་འཁྱོངས་བཅས་གནང་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་སྲུང་སྐྱོང་ཐུབ་ཡོད་ལ། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་བཏོད་ཡོད།
ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་ཏང་གི་ཚོགས་ཆེན་བཅོ་དྲུག་པ་བར་གྱི་ལོ་བཅུ་གསུམ་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་མང་བ་དང་། རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འཕེལ་རིམ་ཧ་ཅང་ཆེན་པོ་ཐོན་ཡོད། རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ཧ་ཅང་རྙོག་འཛིང་ཆེ་བའི་གནས་བབ་འོག བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་གི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་སྣེ་ཁྲིད་དེ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་གཞི་རྩའི་ལམ་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་གནང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་གྱིས་གོ་སྐབས་དམ་འཛིན་དང་། སྒྱུར་བཅོས་ཟབ་གཏོང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། གོང་འཕེལ་ལ་སྐུལ་འདེད། བརྟན་ལྷིང་རྒྱུན་འཁྱོངས་བཅས་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞིའི་སྒྱུར་བཅོས་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་གནང་བ། སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་མཚམས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་གཟུགས་བྱེད་པ་དང་སྣ་མང་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་དུ་གོང་འཕེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་གཟུགས་བྱེད་པ་དང་སྣ་མང་བགོ་འགྲེམས་བྱ་ཐབས་ཟུང་དུ་སྦྲེལ་བའི་བགོ་འགྲེམས་ལམ་ལུགས་གཏན་འཁེལ་གནང་བ། སྒྱུར་འཕེལ་བརྟན་གསུམ་ལ་སྐུལ་འདེད་གཏོང་བའི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་གལ་ཆེན་རབ་དང་རིམ་པ་གཏན་འབེབས་དང་ལག་ལེན་བསྟར་ཞིང་། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་དང་། ཆབ་སྲིད་སྒྲིག་གཞི་སྒྱུར་བཅོས། རིག་གནས་སྒྲིག་གཞི་སྒྱུར་བཅོས། ཕྱོགས་གཞན་དག་ཁག་གི་སྒྱུར་བཅོས་བཅས་ལ་བློ་རྩ་བརྟན་པོས་སྐུལ་འདེད་བཏང་བ། ཁྱོན་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་མོ་ལག་ལེན་བསྟར་བ། ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་གནང་བ། ཤང་ཀང་དང་ཨའོ་མོན་བདེ་བླག་ངང་ཕྱིར་ལོག་ཐུབ་པ། རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་གནང་བ། ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ། ཏང་འཛུགས་སྐྱོང་གི་རླབས་ཆེའི་ལས་གཞི་གསར་པར་སྐུལ་འདེད་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བར་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་འཕེལ་རིམ་གསར་པ་ཐོན་པ་བཅས་བྱུང་སྟེ། ལེགས་གྲུབ་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་ཉེར་གཅིག་པར་སླེབས་རྒྱུར་སྐུལ་འདེད་གནང་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གསུམ་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཀྱི་དབུ་ཁྲིད་འོག ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས་དང་འབྲེལ་བ་ཡོད་པའི་རྒྱལ་སྤྱིའི་གློ་བུར་དུ་ཐོན་པའི་དོན་རྐྱེན་རབ་དང་རིམ་པར་ཁ་གཏད་ཡག་པོ་བཅག་ཐུབ་པ་བྱུང་བ་དང་། ཆབ་སྲིད་དང་དཔལ་འབྱོར་ཁྱབ་ཁོངས་དང་རང་བྱུང་ཁམས་སུ་ཐོན་པའི་དཀའ་ངལ་དང་ཉེན་ཁ་ལས་རྣམ་པར་རྒྱལ་བས། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུ་གཟིངས་སྔ་བར་ཕྱི་གསུམ་དུ་ཡང་དག་པའི་ཕྱོགས་སུ་རླབས་གཤགས་མདུན་སྐྱོད་ཐུབ་པར་འགན་སྲུང་གནང་ཡོད། ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ལོ་བཅུ་གསུམ་རིང་རང་རེའི་ཏང་དང་རྒྱལ་ཁབ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དེ་བློ་མཐུན་ཅང་ཙེ་རྨིན་ནི་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་ཡིན་པའི་ཐབས་མཁས་ཇུས་ཆེན་དང་འགག་རྩའི་ནུས་པ། ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་གཟེངས་སུ་ཐོན་པ་བཅས་དང་ཁ་བྲལ་ཐབས་མེད། བློ་མཐུན་ཅང་ཙེ་རྨིན་གྱིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས་རིང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ཀྱི་འགྱུར་ལྡོག་གལ་ཆེན་དང་འཛམ་གླིང་གི་དམག་དོན་འཕོ་འགྱུར་གསར་པའི་འཕེལ་ཕྱོགས་གསལ་རྟོགས་དང་ཁོང་དུ་ཆུད་པར་གནང་ནས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་ཆོད་སྡོམ་གསར་པ་དང་བྱེད་ཐབས་གསར་པ་རབ་དང་རིམ་པ་བཏོན་གནང་བ་དང་། མའོ་ཙེ་ཏུང་གི་དམག་དོན་དགོངས་པ་དང་ཏེང་ཞའོ་ཕིང་གི་དུས་རབས་གསར་པའི་དམག་དཔུང་འཛུགས་སྐྱོང་གི་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བ། ཅང་ཙེ་རྨིན་གྱི་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་དགོངས་པ་གསར་དུ་བཏོད་པ་བཅས་གནང་བས། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་འགོ་ཁྲིད་གནང་བའི་ཐད་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས། རྒྱལ་སྲུང་འཛུགས་སྐྱོང་དང་དཔལ་འབྱོར་འཛུགས་སྐྱོང་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་དམག་དཔུང་གསར་བརྗེ་ཅན་དང་། དེང་རབས་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས་པ་དང་། ཆབ་སྲིད་ཚད་ལོན་པ་དང་། དམག་དོན་བྱང་ཆུབ་པ། སྤྱོད་ཚུལ་བཟང་བ། སྒྲིག་ལམ་ནན་པ། འགན་སྲུང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། རྒྱལ་ཁ་ལེན་ཐུབ་པ་དང་ངོ་བོ་མི་འགྱུར་བ་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་བརྗོད་གཞི་གཉིས་ལ་རྩེ་གཅིག་ཏུ་དམིགས་ནས། མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ། ཏང་གིས་མི་དམངས་དམག་དཔུང་ལ་ལྟོས་མེད་འགོ་ཁྲིད་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་མི་གཏོང་བར་རྒྱུན་འཁྱོངས་བྱས་ནས། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་རང་དམག་འཛུགས་སྐྱོང་ཁག་གི་ཨང་དང་པོར་འཇོག་པ་དང་། མི་དམངས་དམག་དཔུང་གི་ངོ་བོ་དང་། རང་གཤིས། སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པ་བྱ་དགོས་པ། འགོག་སྲུང་ཧུར་ཐག་བྱེད་པའི་དམག་དོན་གྱི་འཐབ་ཇུས་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་འཕེལ་འགྱུར་ལ་སྐུལ་འདེད་བཏང་ཐོག ཆ་འཕྲིན་ཅན་གྱི་དམག་དཔུང་འཛུགས་སྐྱོང་དང་ཆ་འཕྲིན་ཅན་གྱི་དམག་འཁྲུག་ལས་རྣམ་པར་རྒྱལ་བ་བྱེད་པའི་དམིགས་འབེན་ལྟར། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་ཧྲག་ལམ་བུར་བསྐྱོད་དེ་རང་དམག་ལ་དེང་རབས་ཅན་དང་མཆོང་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱ་དགོས་པ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། དམག་དཔུང་ནན་སྐྱོང་དང་། ཁྲིམས་ལྟར་དམག་དཔུང་སྐྱོང་བ། བརྩོན་བསྲིས་དམག་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་དམག་དཔུང་བཅོས་སྐྱོང་བྱེད་པའི་ཁྱད་ཆོས་དང་ཆོས་ཉིད་འཚོལ་ཞིབ་བཅས་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱིས་རང་དམག་གི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་གཏོང་དགོས་པ། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། རྒྱལ་སྲུང་ཚན་རྩལ་དང་གོ་མཚོན་སྒྲིག་ཆས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། འགྲོ་གྲོན་ཉུང་ཞིང་ཕན་འབྲས་ཆེ་བའི་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་ལམ་བུར་བསྐྱོད་དགོས་པ། ཞི་འཐབ་ཟུང་འབྲེལ་དང་། དམག་དམངས་ཟུང་འབྲེལ། དམག་ཁོངས་ཐོན་ལས་དམངས་དོན་དུ་སྤྱོད་པ་བཅས་ཀྱི་བྱེད་ཕྱོགས་ལྟར། རྒྱལ་སྲུང་སྐུལ་སློང་གི་ནུས་པ་ཆེ་རུ་གཏོང་བ་དང་། ལག་རྩལ་མཐོ་བའི་ཆ་རྐྱེན་འོག་མི་དམངས་དམག་འཁྲུག་རྒྱག་པའི་འཐབ་ཇུས་དང་འཐབ་རྩལ་འཕེལ་རྒྱས་གཏོང་བ་དང་། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་སྲ་བརྟན་གཏོང་བ་བཅས་བྱ་དགོས་པའི་ནན་སྟོན་གནང་ཡོད། དེ་དག་ནི་རྒྱལ་སྲུང་ལ་ཤུགས་སྣོན་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྱོང་བྱེད་པའི་ཐད་ནས་བཤད་ན་ཡུན་རིང་གི་སློབ་སྟོན་དོན་སྙིང་ལྡན་པ་ཞིག་རེད།
བློ་མཐུན་ཅང་ཙེ་རྨིན་གྱིས་མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ལམ་ཕྱོགས་རྒྱུན་འཁྱོངས་གནང་ནས། ལག་ལེན་ལ་བརྩི་འཇོག་དང་མང་ཚོགས་ལ་བརྩི་འཇོག་གནང་བ་དང་། དུས་རབས་ཀྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་གནང་བ། རང་རེའི་ཏང་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ཚན་རིག་དང་མཐུན་པའི་ངང་བརྡར་ཤ་བཅད་ཅིང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་བརྗོད་དོན་གཙོ་བོ་འདིར་དམིགས་ནས། བསྒྱུར་བཅོས་དང་གོང་སྤེལ་བརྟན་ལྷིང་གསུམ་དང་། ནང་སྲིད་དང་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་དང་རྒྱལ་སྐྱོང་དམག་སྐྱོང་གསུམ་སོགས་ཕྱོགས་གང་ཅིའི་ཐད་ལ་དགོངས་པ་གསར་པ་དང་། དགོངས་ཚུལ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་བཅས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་ཕྱིར་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་གནང་ཡོད། ལྷག་པར་དུ་ཁོང་གིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་ནས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གསར་དུ་བཏོད་གནང་བ་དེས་ཏང་གི་མཛུབ་ཁྲིད་བསམ་བློའི་ཐད་ཡང་བསྐྱར་དུས་བསྟུན་མདུན་སྐྱོད་མངོན་འགྱུར་བྱུང་བ་དང་མར་ཁེ་སི་རིང་ལུགས་པ་ངོ་མ་ཞིག་གི་ཆབ་སྲིད་ཀྱི་བློ་སྟོབས་དང་རིགས་པའི་གཞུང་ལུགས་ཀྱི་བློ་སྟོབས་ཆེན་པོ་མངོན་ཡོད། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ནང་། རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་ཐོན་སྐྱེད་ནུས་ཤུགས་གོང་དུ་སྤེལ་བའི་བླང་བྱ་མཚོན་པ་དང་། ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་མཚོན་པ། ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་བཅས་དམིགས་སུ་ནན་སྟོན་གནང་ཡོད་ཅིང་། མིའི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་དང་ཡར་རྒྱས་ཀྱི་ཡོངས་ཁྱབ་ཀྱི་ཆོས་ཉིད་དང་བསྟུན་ཡོད་པ་དང་། དུས་རབས་གོང་འཕེལ་གྱི་རླབས་རྒྱུན་དང་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་པའི་བླང་བྱ་དང་བསྟུན་ཡོད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་རེ་འདུན་མཚོན་པ། གནས་བབ་གསར་པའི་འོག་ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུ་དང་ཏང་གི་སྲིད་འཛིན་གནས་བབ་སྲ་བརྟན་དུ་གཏོང་རྒྱུ། ཏང་གི་སྲིད་འཛིན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་བཅས་ཀྱི་རྩ་བ་དམ་འཛིན་གནང་ཡོད། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྱི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་ལེགས་སྐྱེས་ཆེ་ཤོས་ནི། འབྲེལ་བ་དམ་ཟབ་བྱེད་པ་དང་ཕན་ཚུན་འབྲེལ་མཐུད་བྱེད་པའི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་སྡོམ་གསར་པ་བཅས་རབ་དང་རིམ་པ་སྤྱད་ནས། གང་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་ཇི་ལྟར་བྱ་དགོས་པའི་གནད་དོན་ལ་ལན་སྔར་ལས་ལྷག་པ་བཏབ་པ་དང་། ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱ་རྒྱུ་དང་ཏང་ཇི་ལྟར་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་གནད་དོན་ལ་གསར་གཏོད་རང་བཞིན་གྱིས་ལན་བཏབ་པ་དེ་ཡིན། དེ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བཅས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་། ང་ཚོས་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆོས་ཉིད་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ཡོད།
བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་གནད་དོན་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཏང་གི་ཚོགས་ཆེན་བཅུ་དྲུག་པ་གྲ་སྒྲིག་བྱེད་རིང་། བློ་མཐུན་ཅང་ཙེ་རྨིན་གྱིས་རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་གོང་འཕེལ་ཡོང་ཆེད་དང་། ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་ཆེད། ཁོང་ནས་མུ་མཐུད་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་མི་བཞེས་རྒྱུ་བཏོན་གནང་བ་དང་སྦྲགས། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནས་དགོངས་པ་ཞུས་གནང་ཞིང་། ཏང་དང་རྒྱལ་ཁབ་ཀྱི་མཐོ་རིམ་འགོ་ཁྲིད་པ་རྙིང་ཚབ་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་པ་བསྐྲུན་གནང་ཡོད། ཏང་ཀྲུང་དབྱང་གིས་བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་ལ་མོས་མཐུན་གནང་ཡོད། སྐབས་དེའི་རྒྱལ་སྤྱིའི་དུས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ལས་འགན་ལྗིད་པོ་ཡོད་པར་བསམ་གཞིགས་བྱས་ཏེ། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཅང་ཙེ་རྨིན་ནས་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་གནས་མུ་མཐུད་བཞེས་རྒྱུའི་ཐག་བཅད་ཡོད། ཏང་གི་སྐབས་བཅུ་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་རྗེས། བློ་མཐུན་ཅང་ཙེ་རྨིན་ནས་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་ཚན་པའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་ཀྲུང་དབྱང་གིས་ཁོང་ལ་སྤྲད་པའི་འགན་འཁྲི་བསྒྲུབས་གནང་ཡོད། 2004ལོར། བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཡུན་རིང་འཕེལ་རྒྱས་གཏོང་བའི་གནས་བབ་ཧྲིལ་པོར་དམིགས་ཏེ། སླར་ཡང་རང་འགུལ་ངང་ཏང་དང་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གོ་གནས་ནས་དགོངས་པ་ཞུས་པ་རེད། དེའི་ཐོག་ནས་ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་གཟིགས་རྒྱང་རིང་བའི་དགོངས་པ་བཞེས་ཚུལ་གང་ལེགས་མངོན་ཡོད།
འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་པ་ཞུས་རྗེས། བློ་མཐུན་ཅང་ཙེ་རྨིན་གྱིས་ཏང་ཀྲུང་དབྱང་གི་ལས་དོན་ལ་བརྩི་བཀུར་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེར་ཐུགས་ཁུར་གནང་ཞིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ཡོད། 2006ལོར། བློ་མཐུན་ཅང་ཙེ་རྨིན་སྐུ་ངོ་མས《ཅང་ཙེ་རྨིན་གྱི་གསུང་རྩོམ་གཅེས་བསྡུས》ཀྱི་དེབ་དང་པོ་དང་། གཉིས་པ། གསུམ་པ་བཅས་རྩོམ་སྒྲིག་དང་ཞིབ་བཤེར་གཏན་འཁེལ་ལས་དོན་གཙོ་སྐྱོང་གནང་ཡོད། 《ཅང་ཙེ་རྨིན་གྱི་གསུང་རྩོམ་གཅེས་བསྡུས》ནང་གཙོ་བོ་བློ་མཐུན་ཅང་ཙེ་རྨིན་གྱི་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་དུས་མཇུག་ནས་དུས་རབས་ཉེར་གཅིག་པའི་དུས་འགོའི་བར་གྱི་མཚོན་བྱེད་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གསུང་རྩོམ་གལ་ཆེན་རྣམས་བསྡུས་ཡོད་པས། ང་ཚོས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ཡག་པོ་བྱེད་པ་དང་། སྔར་ལས་ལྷག་པའི་ངང་གོ་བ་གཏིང་ཟབ་བླངས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་གནང་ཡོད།
བློ་མཐུན་ཅང་ཙེ་རྨིན་ནི་གཟིགས་རྒྱང་རིང་ལ་དུས་གནས་དཔྱོད་ཞིབ་མཁས་པ་དང་། ག་དུས་ཡིན་ཡང་ཀྲུང་གོ་དང་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་དམིགས་ཏེ་གནད་དོན་ལ་གཟིགས་ཞིབ་དང་བསམ་གཞིགས་གནང་གི་ཡོད་པ་དང་། རིགས་པའི་གཞུང་ལུགས་གསར་གཏོད་དང་ཕྱོགས་གཞན་དག་ཐད་ཀྱི་གསར་གཏོད་བྱ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གནང་གི་ཡོད། བློ་མཐུན་ཅང་ཙེ་རྨིན་ནི་དད་སེམས་བརྟན་པ་དང་ལས་དོན་སྒྲུབ་སྐབས་འཕྲལ་ཐག་ཆོད་པ། ནམ་ཡང་ཏང་དང་མི་དམངས་གལ་འགངས་ཆེ་ཤོས་སུ་འཇོག་པ་དང་། སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་རྒྱུན་འཁྱོངས་གནང་བ། འགག་རྩའི་དུས་སུ་ཐེ་ཚོམ་མེད་པར་ཐག་གཅོད་གནང་བའི་སྤྱིར་བཏང་མིན་པའི་བློ་སྟོབས་དང་རིགས་པའི་གཞུང་ལུགས་གསར་གཏོད་གནང་བའི་བློ་སྟོབས་ཆེན་པོ་ལྡན་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས་ལག་ལེན་ལ་བརྩི་འཇོག་དང་དུས་བསྟུན་མདུན་སྐྱོད་གནང་ཞིང་། ག་དུས་ཡིན་ཡང་དུས་རབས་ཀྱི་འཕེལ་ཕྱོགས་དང་གོ་སྐབས་དམ་འཛིན་ཐུབ་པ་དང་། ཏང་དང་མི་དམངས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ནས་འགོ་བརྩམས་ཏེ་ཉམས་མྱོང་ཕྱོགས་བསྡོམས་དང་ལམ་བུ་འཚོལ་ཞིབ་གནང་རྒྱུ་མཐའ་འཁྱོངས་གནང་ཞིང་། ཏན་ཏན་ཏིག་ཏིག་དང་གསར་གཏོད་ཡར་བརྩོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གནང་གི་ཡོད། བློ་མཐུན་ཅང་ཙེ་རྨིན་གྱིས་མང་ཚོགས་ལ་བརྩི་བཀུར་དང་ཐུགས་ཁུར་གནང་བ་དང་། ནམ་ཡིན་ཡང་མི་དམངས་མང་ཚོགས་ཀྱི་བདེ་སྡུག་ལ་ཚད་མཐོའི་མཐོང་ཆེན་གནང་བ། རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་དམིགས་ནས་ལས་དོན་ལ་ཞིབ་བཤེར་དང་སྐུལ་འདེད་ གནང་གི་ཡོད། བློ་མཐུན་ཅང་ཙེ་རྨིན་གྱི་ཁྱད་དུ་འཕགས་པའི་གཤིས་སྤྱོད་དང་བླ་ན་མེད་པའི་ཉམས་འགྱུར་གྱིས་ང་ཚོ་མདུན་དུ་སྐྱོད་པར་ནམ་ཡང་སློབ་གསོ་དང་སྐུལ་མ་གཏོང་གི་ཡོད།
བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་པ་ནི་རང་རེའི་ཏང་དང་། རང་རེའི་དམག་དཔུང་། རང་རྒྱལ་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ངོས་ནས་བཤད་ན་ཚོད་དཔག་བྱེད་ཐབས་བྲལ་བའི་གྱོང་གུན་ཞིག་རེད། ཏང་ཀྲུང་དབྱང་གིས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སེམས་སྡུག་སྟོབས་ཤུགས་སུ་བསྒྱུར་ཐོག བློ་མཐུན་ཅང་ཙེ་རྨིན་གྱི་ཐུགས་འདུན་རྒྱུན་འཛིན་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ང་ཚོས་མྱ་ངན་ཞུ་ལུགས་མཚོན་པར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ང་ཚོས་ངེས་པར་དུ་སྔར་བས་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཐབས་ཇུས་བཅས་རྒྱུན་འཁྱོངས་བྱས་ཐོག གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་གཞི་རླབས་པོ་ཆེར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་ཁྲིད་སྟོན་བྱས་ནས། རང་རེའི་ཏང་འདི་ཉིད་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་མཁན་དང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་འགྱུར་བ་བྱེད་དགོས།
ང་ཚོས་ངེས་པར་དུ་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྣམ་བཤད་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱེད་པ། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་གཏོང་བ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མཉམ་སྐྱོད། བདེན་འཚོལ་དངོས་སྒྲུབ་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་བྱེད་ཕོད་པ་བཅས་བྱས་ནས་དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེའི་ནང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་འགྱུར་བའི་གནས་ཚད་གསར་པ་ཟམ་མི་ཆད་པར་བཏོད་ཐོག་དེང་སྐབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་ལས་མཚར་སྡུག་བཀྲ་བའི་བདེན་དོན་གྱི་གཟི་འོད་འཕྲོ་ཐུབ་པ་བྱེད་དགོས།
ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་དང་མི་རིགས་གོང་འཕེལ་གཏོང་རྒྱུ་དེ་རང་ཉིད་ཀྱི་ཤུགས་རྒྱག་གཞིར་འཇོག་རྒྱུ་དང་། ཀྲུང་གོ་གོང་འཕེལ་ཡར་རྒྱས་ཡོང་བ་བྱེད་པའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་ཆེད་འབད་བརྩོན་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པ་བཅས་བྱེད་དགོས།
ང་ཚོས་ངེས་པར་དུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ་དང་མང་ཚོགས་ལྟ་བ་བརྟན་པོར་འཛུགས་པ། མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་པ། མི་དམངས་ཀྱི་ཐོག་མའི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱེད་པ། ཚང་མ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཚང་མ་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་བསྐྱོད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དཀའ་སྡུག་མཉམ་མྱོང་དང་ལས་དབང་གཅིག་མཐུན། སེམས་པ་གཅིག་སྒྲིལ་བཅས་བྱེད་དགོས།
ང་ཚོས་ངེས་པར་དུ་འབད་བརྩོན་ཆེན་པོས་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་བྱེད་པ་དང་བློ་མཐུན་ཅང་ཙེ་རྨིན་གྱི་གསར་བརྗེའི་སྙིང་སྟོབས་དང་གསར་བརྗེའི་ཉམས་སྣང་ལ་སློབ་སྦྱོང་བྱེད་པ། ཁོང་གི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྤྱད་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཚན་རིག་རྣམ་འགྱུར་དང་གསར་གཏོད་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་བྱ་གཞག་ནང་བློ་མཐུན་ཅང་ཙེ་རྨིན་ཚུད་པའི་མི་རབས་ནས་མི་རབས་བར་གྱི་གུང་ཁྲན་ཏང་ཡོན་གྱི་རྔུལ་ཆུ་དང་འབད་འཐབ་གཅིག་སྡུད་བྱས་ཡོད། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། སེམས་ཤུགས་བརྟན་པོ་དང་བློ་སེམས་གཅིག་སྒྲིལ། དཀའ་སྤྱད་འབད་འཐབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
བློ་མཐུན་ཅང་ཙེ་རྨིན་ཇི་སྲིད་བར་མི་ནུབ་པར་གྱུར་ཅིག