རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-14   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བཅའ་ཁྲིམས》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་དྲུག་པའི་སྟེང་སྟེ2022ལོའི་ཟླ9པའི་ཚེས2ཉིན་གྲོས་འཆམ་བྱུང་བ་དང་། 2022ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས།
དོན་ཚན་དང་པོ།
གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཉེས་ཆད་གཅོད་པ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བར་ཤུགས་བསྣན་ནས་སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་བརླིང་དང་རྒྱལ་ཁབ་བདེ་འཇགས་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆེད་དུ། རྩ་ཁྲིམས་གཞིར་བཟུང་སྟེ་བཅའ་ཁྲིམས་འདི་གཏན་འབེབས་བྱས།
དོན་ཚན་གཉིས་པ།
བཅའ་ཁྲིམས་འདིའི་ནང་དུ་བསྟན་པའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ཞེས་པ་ནི། ཁྲིམས་འགལ་ངང་བདག་གིར་འཛིན་པ་དམིགས་འབེན་དུ་བཟུང་སྟེ། གློག་འཕྲིན་དང་དྲ་རྒྱའི་ཐབས་རྩལ་སྤྱད་པ་དང་། རྒྱང་བསྟེན་འཕྲིན་ལམ་དང་བར་ཆོད་པའི་འབྲེལ་འདྲིས་བྱེད་ཐབས་སོགས་ལ་བརྟེན་ནས། སྤྱི་སྒེར་གཉིས་ཀྱི་རྒྱུ་ནོར་མགོ་སྐོར་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་གོ
དོན་ཚན་གསུམ་པ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ནང་དུ་སྤེལ་བའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་བྱ་སྤྱོད་དང་། ཡང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་རྒྱལ་ཕྱི་ནས་སྤེལ་བའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་བྱ་སྤྱོད་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པར་བཅའ་ཁྲིམས་འདི་སྤྱད་ཆོག
རྒྱལ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ནས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་བྱ་སྤྱོད་སྤེལ་བ་དང་། ཡང་ན་མི་གཞན་གྱིས་རྒྱལ་ནང་དུ་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གཏོང་བར་ཐོན་རྫས་དང་ཞབས་ཕྱི་འདོན་སྤྲོད་བྱེད་པའི་རིགས་ལ། ཁྲིམས་འདིའི་འབྲེལ་ཡོད་གཏན་འཁེལ་ལྟར་ཐག་གཅོད་དང་འགན་འཁྲི་རྩད་གཅོད་བྱ་རྒྱུ།
དོན་ཚན་བཞི་པ།
གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བ་སྒྲུབ་སྐབས་གཤམ་གྱི་ནང་དོན་དག་རྒྱུན་འཁྱོངས་བྱ་དགོས་ཏེ།
གཅིག མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ།
གཉིས། མ་ལག་འདུ་ཤེས་དང་ཁྲིམས་སྐྱོང་རིགས་ལམ་རྒྱུན་འཁྱོངས་དང་། མགོ་ཁུངས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་ལ་གཙིགས་མཐོང་བྱེད་པ།
གསུམ། མཉམ་འཛིན་མཉམ་སྡོམ་དང་ཚོགས་འགོག་ཚོགས་བཅོས་རྒྱུན་འཁྱོངས་དང་། རྒོལ་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ངོས་ཀྱི་དྲིལ་སྒྲོག་སློབ་གསོའི་འགོག་ཟོན་ལ་ཤུགས་སྣོན་པ།
བཞི། གནད་ཁེལ་འགོག་བཅོས་རྒྱུན་འཁྱོངས་བྱས་ནས། རྒྱུན་ལྡན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་དང་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་བསྐྲུན་པར་འགན་སྲུང་བྱེད་པ་བཅས་སོ།
དོན་ཚན་ལྔ་པ།
གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བ་ཁྲིམས་ལྟར་སྤེལ་ཏེ། སྤྱི་དམངས་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་དགོས།
འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས། མི་སྒེར་བཅས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བའི་ཁྲོད་ནས་ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་ཚོང་ལས་ཀྱི་གསང་བ། མི་སྒེར་གྱི་གསང་བ། མི་སྒེར་གྱི་ཆ་འཕྲིན་བཅས་ཀྱི་གསང་བ་དམ་སྲུང་བྱ་དགོས།
དོན་ཚན་དྲུག་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བའི་ནང་རྐྱེན་བཙུགས་ཏེ། རྡུང་རྡེག་བཅོས་སྐྱོང་བྱ་བར་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་དགོས།
ས་གནས་སོ་སོའི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་ཁུལ་གྱི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བར་རྩ་འཛུགས་དང་མགོ་ཁྲིད་བྱ་དགོས་པར་མ་ཟད། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་དམིགས་འབེན་འགན་འཁྲི་དང་བྱ་བའི་ནང་རྐྱེན་གཏན་འཁེལ་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་སྤེལ་རྒྱུ།
སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བར་སྣེ་ཁྲིད་དེ་འགན་འཁུར་བ་དང་། དངུལ་རྩ་དང་གློག་འཕྲིན། དྲ་རྒྱའི་ཆ་འཕྲིན། ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་འགན་ལྟར་ལྟ་སྐུལ་དོ་དམ་གྱི་གཙོ་གཞིའི་འགན་འཁྲི་ལག་ཏུ་བསྟར་ཏེ། རང་ལས་རིགས་ཁྱབ་ཁོངས་ཀྱི་གློག་འཕྲིན་དང་དྲ་རྒྱའི་མགོ་བསྐོར་ལ་རྒོལ་བའི་བྱ་བར་འགན་འཁུར་རྒྱུ།
མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་དང་ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱས་ཏེ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་བྱ་སྤྱོད་ལ་ཁྲིམས་ལྟར་འགོག་ཟོན་དང་ཉེས་ཆད་གཅོད་རྒྱུ།
གློག་འཕྲིན་ལས་སྒོ་གཉེར་སྐྱོང་མཁན་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས། དངུལ་ཁང་མ་ཡིན་པའི་གཏོང་སྤྲོད་ལས་ཁུངས། སྦྲེལ་དྲའི་ཞབས་ཕྱི་འདོན་སྤྲོད་མཁན་སོགས་ཀྱིས། ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་འགན་འཁུར་རྒྱུ་དང་། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་ནང་ཁུལ་ཚོད་འཛིན་ནང་རྐྱེན་དང་བདེ་འཇགས་འགན་འཁྲིའི་ལམ་ལུགས་བཙུགས་ཏེ། ལས་སྒོ་གསར་པར་མགོ་སྐོར་བྱུང་ཉེན་གྱི་བདེ་འཇགས་དཔྱད་དཔོག་ལ་ཤུགས་སྣོན་རྒྱུ།
དོན་ཚན་བདུན་པ།
འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བའི་ཁྲོད་མཉམ་ལས་དམ་ཟབ་བྱས་ནས། ལས་རིགས་བརྒལ་བ་དང་ས་ཁོངས་བརྒལ་བའི་རོགས་འདེགས་མཉམ་སྡེབ་དང་མགྱོགས་མྱུར་མཉམ་འགུལ་ཡོང་བ་མངོན་འགྱུར་བྱེད་པ་དང་། ཆེད་ལས་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ནས། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྡུང་རྡེག་དང་བཅོས་སྐྱོང་ནུས་ལྡན་བྱ་རྒྱུ།
དོན་ཚན་བརྒྱད་པ།
གཅིག རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། མང་ཚོགས་ཀྱི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གྱི་ཐབས་ལམ་སྣ་ཚོགས་པ་འགོག་ཟོན་བྱེད་པའི་འདུ་ཤེས་དང་མགོ་སྐོར་ངོས་ཟིན་གྱི་ནུས་པ་མཐོ་རུ་འདེགས་དགོས།
གཉིས། སློབ་གསོ་སྲིད་འཛིན་དང་ཁྲོམ་རའི་ལྟ་སྐུལ་དོ་དམ། དམངས་སྲིད་སོགས་འབྲེལ་ཡོད་སྡེ་ཁག་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། སྡོད་དམངས་ཨུ་ཡོན་ལྷན་ཁང་སོགས་ཀྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གྱི་གནོད་ཐེབས་ཚོགས་པའི་ཆགས་ཚུལ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། རྒན་པ་དང་ན་གཞོན་རྣམས་ལ་དྲིལ་སྒྲོག་སློབ་གསོ་སྤེལ་བར་ཤུགས་སྣོན་པ་དང་། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་དྲིལ་སྒྲོག་སློབ་གསོའི་དམིགས་གཏད་རང་བཞིན་དང་གནད་ཁེལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་དྲིལ་སྒྲོག་སློབ་གསོ་སློབ་རར་སྐྱོད་པ་དང་ཁེ་ལས་སུ་སྐྱོད་པ། སྡེ་ཁུལ་དུ་སྐྱོད་པ། ཞིང་སྡེར་སྐྱོད་པ། ཁྱིམ་ཚང་དུ་སྐྱོད་པ་བཅས་ཀྱི་བྱ་འགུལ་སྤེལ་དགོས།
གསུམ། ལས་ཁུངས་སོ་སོས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་ནང་ཁུལ་ནས་འགོག་ཟོན་བྱེད་པའི་བྱ་བར་ཤུགས་སྣོན་པ་དང་། ལས་སྒྲུབ་མི་སྣར་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་འགོག་ཟོན་བྱེད་པའི་སློབ་གསོ་སྤེལ་དགོས་ལ། མི་སྒེར་གྱིས་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་འགོག་ཟོན་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ལས་ཁུངས་དང་མི་སྒེར་གྱིས་འབྲེལ་ཡོད་སྡེ་ཁག་ལ་རོགས་རམ་དང་གཞོགས་འདེགས་བྱས་ནས། ཁྲིམས་འདིའི་གཏན་འཁེལ་ལྟར་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་ལ་རྒོལ་བའི་བྱ་བ་སྤེལ་དགོས།
སྤྱི་བདེ་པུའུ་ཉེས་དོན་མྱུལ་ཞིབ་ཅུས་ནས།