རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-20   རྩོམ་ཁུངས།    གངས་ལྗོངས་མེ་ལོང་།
བྱིས་པར་པྲོག་གསར་གློ་ཚད་ཕོག་ནས་ཚ་བ་རྒྱས་སྐབས། ཚ་འཇོམས་སྨན་ཁ་ཤས་ཤིག་མཉམ་དུ་བསྟེན་ན་དྲག་སྐྱེད་མགྱོགས་པོ་ཡོད་དམ། བྱིས་པར་ཚ་བ་རྒྱས་ནས་ལུས་པོའི་དྲོད་ཚད་མཐོན་པོ་ཆགས་ན་ནད་གཞི་དེ་བས་ལྕི་འམ། བྱིས་པ་གློ་ལུ་སྐབས་མྱུར་དུ་ལུ་འཇོམས་སྨན་བསྟེན་དགོས་སམ། ཟླ12པའི་ཚེས9ཉིན། པེ་ཅིང་བྱིས་པའི་སྨན་ཁང་དོས་དྲག་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་ཝང་ཆོན་གྱིས་བྱིས་པར་པྲོག་གསར་གློ་ཚད་ཕོག་རྗེས། ཁྱིམ་བདག་གིས་ཕྲུ་གུར་སྨན་ལྡུད་སྐབས་ནོར་འཁྲུལ་འབྱུང་སྲིད་པའི་ཕྱོགས་འགའི་ཐད་ནས་གསལ་འགྲེལ་གནང་ཡོད།
ཝང་ཆོན་གྱིས་བཤད་རྒྱུར། བྱིས་པ་ནི་པྲོག་གསར་གློ་ཚད་ཕོག་སླ་བའི་མི་ཚོགས་ཡིན་པ་དང་། པྲོག་གསར་ནད་དུག་འགོས་རྗེས་ཀྱི་ནད་རྟགས་དང་དེ་མིན་གྱི་ནད་དུག་འགོས་པ་ལས་བྱུང་བའི་དབུགས་ལམ་གཉན་ཚད་སྤྱིར་འདྲ་པོ་ཡོད། ཕྲུ་གུར་ཚ་རྒྱག་པ་དང་གློ་ལུ་བ། མིད་པ་མི་བདེ་བ། སྣ་ཁུང་འགག་པ། སྣ་ཆུ་ལུག་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། ད་དུང་ཕྲུ་གུར་ཤ་གནད་ན་བ་དང་། ཤུགས་མེད་པ། སྐྱུག་མེར་ལངས་པ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཡང་ཐོན་སྲིད། ཕྲུ་གུ་ཁ་ཤས་ལ་ཚ་བའི་རང་བཞིན་གྱི་བརྒྱལ་བ་སོགས་ཀྱི་ནད་རྟགས་ཡང་ཐོན་སྲིད། སྤྱི་ཡོངས་ནས་བལྟས་ན། ཕྲུ་གུར་པྲོག་གསར་གློ་ཚད་ཕོག་རྗེས་ཚ་བ་རྒྱས་པའི་ཚད་གཞི་མི་འདྲ་བ་དང་། ཚ་བ་རྒྱས་པའི་དུས་ཡུན་ཡང་ཉིན་གཉིས་ནས་གསུམ་བར་ཡིན་ཞིང་། ན་ཡུན་ཡང་ཉིན་གསུམ་ནས་ལྔའི་ཡས་མས་རེད། ཁྱིམ་བདག་གིས་བྱིས་པར་པྲོག་གསར་གློ་ཚད་ཕོག་སྐབས་ཚ་བ་ཆེ་རུ་རྒྱས་པའི་ཐད་སེམས་ཁུར་ཆེན་པོ་བྱེད་པ་ལ་དམིགས་ནས། ཝང་ཆོན་གྱིས་བཤད་རྒྱུར། ཕྲུ་གུར་པྲོག་གསར་གློ་ཚད་ནད་དུག་ཕོག་རྗེས་ཚ་བ་རྒྱས་པ་དེ་ནི་ཧ་ཅང་གལ་ཆེ་བའི་ནད་རྟགས་ཤིག་རེད། ཕྲུ་གུར་ཚ་བ་རྒྱས་སྐབས་ཁྱིམ་བདག་གིས་དངངས་སྐྲག་ཆེན་པོ་སྐྱེ་མི་དགོས། རྒྱུ་མཚན་གང་ལགས་ཤེ་ན། ཕྲུ་གུར་ཚ་བ་ཆེན་པོ་རྒྱས་མིན་དང་ནད་གཞིའི་ཚབས་ཆེ་ཆུང་བར་ཡོངས་སུ་འབྲེལ་བ་མེད།
བྱིས་པར་པྲོག་གསར་གློ་ཚད་ཀྱི་ནད་དུག་ཕོག་རྗེས། ཁྱིམ་སྡོད་ལྟ་སྐྱོང་བྱེད་པའི་སྐབས་སུ། ཁྱིམ་བདག་གིས་རྒྱུན་དུ་ཚ་འཇོམས་སྨན་སྟེར་བཞིན་ཡོད། ཚ་འཇོམས་སྨན་ཇི་ལྟར་བསྟེན་པའི་ཐད། ཝང་ཆོན་གྱིས་བཤད་རྒྱུར། ཟླ་བ་དྲུག་ཡན་གྱི་ཕྲུ་གུར་པུའུ་ལོ་ཧྥིན་ནམ(布洛芬)ཡང་ན་དབྱི་ཞི་ཨན་ཅི་ཧྥིན(乙酰氨基酚)གཉིས་གང་རུང་ཞིག་བླུད་ན་འགྲིག ཟླ་བ་གསུམ་ཡན་ནས་དྲུག་མན་གྱི་ཕྲུ་གུར། དབྱི་ཞི་ཨན་ཅི་ཧྥིན(乙酰氨基酚)གཅིག་པུ་མ་གཏོགས་ལྡུད་མི་རུང་། དེ་ནས་ཟླ་བ་གསུམ་མན་གྱི་ཕྲུ་གུར་ཚ་བ་རྒྱས་པ་ན། མགྱོགས་པོར་སྨན་ཁང་དུ་སྨན་བཅོས་བྱེད་པར་འཁྲིད་དགོས།
ཁྱིམ་བདག་ཁ་ཅིག་གིས་སྨན་བསྟེན་སྟངས་ནོར་བའི་ཐད། ཝང་ཆོན་གྱིས་ནན་གྱིས་བཤད་རྒྱུར། ཕྲུ་གུར་ཚ་འཇོམས་སྨན་ལྡུད་སྐབས། ཚ་འཇོམས་སྨན་སྣ་གཉིས་རེས་མོས་བྱས་ནས་ལྡུད་མི་རུང་ལ། ཚ་འཇོམས་སྨན་སྣ་གཉིས་དུས་གཅིག་ལའང་ལྡུད་མི་རུང་། དེ་ལྟར་བྱས་ན་ཕྲུ་གུའི་མཆིན་པ་དང་མཁལ་མར་གནོད་པ་ཆེ་རུ་བཟོ་བ་ཡིན།