ཁྱིམ་སྡོད་ལོགས་བཀར་མི་སྣས་བདེ་ཐང་ལ་འགོག་སྲུང་བྱེད་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-23   རྩོམ་ཁུངས།    མཚོ་སྔོན་ཚན་རྩལ་ཚགས་པར།

མིག་སྔར། པྲོག་གསར་ནད་དུག་ཨོ་སྨི་ཁི་རོན་དུག་རྐང་གི་ནད་སྐྱེད་ནུས་པ་མངོན་གསལ་སྒོས་ཇེ་ཆུང་ལ་ཕྱིན་ཡོད་པ་དང་། ནད་དུག་འགོས་མཁན་མང་པོ་ཡང་ནད་རྟགས་མི་མངོན་པའམ་ཡང་ན་ནད་རྟགས་ཡང་བའི་རིགས་ཡིན་ལ། ནད་རྟགས་ལྕི་བའི་རིགས་ནི་ཧ་ཅང་ཉུང་བ་རེད། ཚང་མས་ནད་དུག་དེ་ཉིད་འགོས་པ་ལ་སེམས་འཚབ་དང་ཐ་ན་དངངས་སྐྲག་སྐྱེས་མི་དགོས་པར། སྤྱིར་བཏང་གི་ལྟ་སྟངས་ཤིག་བཟུང་ན་ཆོག་པའི་གྲོས་མགོ་བཏོན་ཡོད།

    ཁྱིམ་སྡོད་ལོགས་བཀར་དང་ལྟ་ཞིབ་གསོ་བཅོས་བྱེད་པ་ནི་ཚང་མ་གློད་གཏོང་བྱས་པ་མིན་པར། དེ་ནི་སྔར་ལས་ལྷག་པའི་སྒོ་ནས་གནད་ལ་འཁེལ་བ་དང་ཕན་འབྲས་ལྡན་པའི་ངང་རིམ་དབྱེ་གསོ་བཅོས་བྱ་ཆེད་ཡིན། ཕྱོགས་གཅིག་ནས་ཁྱིམ་སྡོད་ལོགས་བཀར་གྱིས་པྲོག་གསར་ནད་དུག་སྔར་བས་འགོས་ཁྱབ་འབྱུང་བ་ལ་སྔོན་འགོག་བྱ་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ཚད་ཡོད་ཀྱི་སྨན་བཅོས་ཐོན་ཁུངས་དེ་ཉེན་ཁ་ཆེ་ཞིང་ནད་རྟགས་ལྕི་བའི་ནད་པའི་རིགས་ཀྱི་གསོ་བཅོས་ལ་སྤྱོད་ཐུབ་པ་ཁག་ཐེག་བྱེད་ཐུབ།

    ཉེ་བཅར་མཁན་ཁྱིམ་སྡོད་ལོགས་བཀར་བྱེད་དུས། སྒེའུ་ཁུང་ཕྱེ་རྒྱུ་ཡོད་པའི་ཁང་བའི་ནང་ནས་འདུག་ཐུབ་ན་རབ་ཡིན། གལ་ཏེ་གསང་སྤྱོད་ཁང་གཅིག་མ་གཏོགས་མེད་ན། དུས་བཅད་ལྟར་དུག་སེལ་བྱ་དགོས། ཁྱིམ་སྡོད་ལོགས་བཀར་བྱེད་མཁན་ཡིན་ན། ཕྱི་རོལ་ལ་མི་འགྲོ་བ་དང་ཕྱིའི་མགྲོན་པོ་གང་རུང་ནང་ལའང་ཡོང་དུ་འཇུག་མི་རུང་།

ཁྱིམ་སྡོད་ལོགས་བཀར་སྐབས། གལ་ཏེ་ཁྱིམ་ཚང་དུ་ལོ་ལོན་དང་ཕྲུ་གུ་སོགས་ལ་བདག་སྐྱོང་བྱ་དགོས་པ་ཡོད་ན། མི་སྒེར་གྱི་འགོག་སྲུང་ལ་ནན་ཏན་དང་རང་ཉིད་ཀྱི་བདེ་ཐང་བརྟག་འཇལ་ལེགས་པོ་བྱ་དགོས།

    ལོ་ལོན་དང་སྦྲུམ་མ། ཕྲུ་གུ། སྙིང་རྩའི་ནད་རིགས་སོགས་རྨང་གཞིའི་ནད་རིགས་ཡོད་པ་བཅས་ཀྱི་མི་ཡིས་ཁྱིམ་སྡོད་ལྟ་ཞིབ་བྱེད་སྐབས། སྨན་སྤྱོད་པ་དང་གསོ་བཅོས་བྱ་དགོས་པ་སོགས་དམིགས་བསལ་གྱི་དགོས་མཁོ་ཡོད་ན། ངེས་པར་དུ་དུས་ཐོག་ལྟར་སྡེ་ཁུལ་དུ་ཐོ་འགོད་བྱ་དགོས་པ་དང་། གལ་ཏེ། བྲེལ་མྱུར་གནས་ཚུལ་བྱུང་ན། འཕྲལ་མར་སྨན་ཁང་དུ་འགྲོ་དགོས།

    ཁྱིམ་སྡོད་ལོགས་བཀར་མི་སྣ་དང་ཁྱིམ་མིའི་བར་གྱི་ངོ་འཕྲད་རྒྱུ་ནུས་ཚོད་ཀྱིས་ཇེ་ཉུང་དུ་གཏང་དགོས་པ་དང་། གལ་ཏེ་ངེས་པར་དུ་འཕྲད་དགོས་ན། བར་ཐག་ངེས་ཅན་ཞིག་ཡོད་དགོས། དུས་མཚུངས་སུ་གཤམ་གྱི་གལ་གནད་འདི་དག་ལ་མཉམ་འཇོག་བྱ་དགོས་པ་སྟེ།

    ཀ སྡོད་ཡུལ་གྱི་ཁང་བའི་ནང་ལ་ཉིན་ལྟར་རླུང་རྒྱུ་རུ་འཇུག་པ།

    ཁ གསང་སྤྱོད་ཁང་དང་ཁྲུས་ཁང་ནི་རབ་ཡིན་ན་ཁེར་རྐྱང་ངང་སྤྱོད་པ་དང་ཉིན་རེ་ལ་དུག་སེལ་བྱ་དགོས། གལ་ཏེ་གསང་སྤྱོད་ཁང་དང་ཁྲུས་ཁང་གཅིག་མ་གཏོགས་མེད་ན། བཀོལ་སྤྱོད་བྱས་རྗེས་དུས་ཐོག་ཏུ་དུག་སེལ་བྱ་དགོས།

    ག ལག་པ་ལ་གཙང་སྦྲ་ལེགས་པོ་དང་ཁོར་ཡུག་ལ་དུག་སེལ་བཟང་བོ་བྱ་དགོས། ཟ་མ་ལས་པ་དང་ཟ་མ་ཟ་བ་སོགས་ཀྱི་གོ་རིམ་ནང་དུའང་ལག་པའི་གཙང་སྦྲ་ལ་མཉམ་འཇོག་བྱ་དགོས།

    ང་། གློ་ལུ་བ་དང་ཧབ་སྦྲིད་རྒྱག་པའི་སྐབས། ངེས་པར་དུ་གཙང་ཤོག་གིས་ཁ་སྣ་དགབ་དགོས།

    ཅ། བེད་སྤྱོད་བྱས་པའི་གཙང་ཤོག་དང་ཁ་ཐུམ། གཅིག་སྤྱོད་ལག་ཤུབས། གད་སྙིགས་གཞན་རིགས་རྣམས་དུས་ཐོག་ཏུ་འགྱིག་ཁུག་ནང་དུ་བཅུག་སྟེ་ཆེད་སྤྱོད་གད་སྙིགས་སྒམ་གྱི་ནང་དུ་འཕང་དགོས།

    ཆ། སྒེར་གྱིས་སྤྱོད་པའི་དངོས་པོ་སོགས་མཉམ་སྤྱོད་བྱེད་མི་རུང་བ་བཅས་སོ།།