ཁྱིམ་དུ་རྒན་རྒོན་ཡོད་མཁན་ཚོས་འདི་དག་ལ་ངེས་པར་དུ་དོ་སྣང་བྱ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-28   རྩོམ་ཁུངས།    藏地阳光

        ལོ་ཆེ་ཆུང་གི་དབྱེ་བ་མེད་པར་ཚང་མར་ཏོག་གསར་གློ་ཚད་འགོས་ཀྱི་ཡོད་པ་དང་། ལྷག་པར་དུ་རྒན་རྒོན་ལ་ནད་དེ་འགོས་རྗེས་ནད་གཞི་ལྗིད་པོ་ཡོད་པས་ང་ཚོས་རྐྱེན་མ་བྱུང་གོང་ནས་བཟློག་པ་ཟེར་བའི་དཔེ་ལྟར་སྔོན་ནས་སྲུང་སྐྱོབ་ཡག་པོ་བྱ་དགོས།

སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱག་དགོས།

འགོག་ཁབ་རྒྱག་པ།

        ཁབ་རྒྱག་པའི་ཆ་རྐྱེན་ཚང་བའི་རྒན་རྒོན་ལ་ཏོག་གསར་འགོག་ཁབ་བརྒྱག་དགོས་པ་དང་། ཁབ་སྔ་ཕྱི་ཚང་མ་ཆད་ལུས་མེད་པ་བརྒྱག་དགོས།

ཕྱི་ལ་ཉུང་ཙམ་སྐྱོད་པ།

        ཕྱི་ལ་ཉུང་ཙམ་སྐྱོད་དགོས་པ་དང་དེ་བས་མི་ཚོགས་སྟུག་སར་བསྐྱོད་རྒྱུ་མེད། གལ་སྲིད་ཡིན་ཅིག་ཕྱིར་སྐྱོད་དགོས་ཚེ་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་ལག་པར་གཙང་སྦྲ་ཡག་པོ་བྱས་ཏེ། ཕྱི་རོལ་གྱི་ཁོར་ཡུག་དང་དངོས་རྫས་ལ་ཐད་ཀར་རེག་མི་ཉན་ལ་ལག་པ་ཡང་ཡང་འཁྲུ་དགོས།

རླུང་འགྲོ་ཡག་པོ་ཡོང་བ་བྱ་དགོས།

        ཁྱིམ་དུ་སྡོད་རིང་དུས་ཚོད་གཏན་འཁེལ་བཟོས་ཏེ་སྒེའུ་ཁུང་ཕྱེ་དགོས་པ་དང་དྲོ་གྲང་འགྱུར་ལྡོག་འགྲོ་བར་དོ་སྣང་བྱ་དགོས། ཆ་རྐྱེན་ཡོད་པ་ཚོས་རྒན་རྒོན་ཁང་པ་གཞན་ཞིག་ཏུ་སྤོས་ནས་ཁ་རླུང་འཁོར་རྒྱུག་ཐུབ་པ་དང་ཁང་པའི་དྲོད་ཚད་སླར་གསོ་ཐུབ་རྗེས་སླར་ཚུར་སྤོ་དགོས།

ན་ཚ་རྙིང་པར་གཟབ་དགོས།

        ན་ཚ་རྙིང་པ་ཚོད་འཛིན་ཡག་པོ་བྱས་ཏེ་སྨན་རྒྱུན་ལྡན་ལྟར་ཟ་བ་ལས་རང་མཚམས་ཀྱིས་སྨན་གཏོང་མཚམས་འཇོག་རྒྱུ་མེད།

ཟས་སྤྱོད་ཚུལ་བཞིན་བྱ་དགོས་པ།

སེམས་ལྷོད་དུ་ཕབ་ནས་དངངས་སྐྲག་མི་བྱེད་པ་དང་། གཉིད་ཡག་པོ་ཉལ་བ། དུས་ཐོག་ཏུ་ཟས་ཟ་བ།  ཆུ་མང་ཙམ་འཐུང་བ་བཅས་བྱ་དགོས་ཤིང་ཐ་མག་འཐེན་པ་དང་ཆང་རག་འཐུང་བ་སོགས་འཛེམས་དགོས།

ཐུག་འཕྲད་ཉུང་ཙམ་བྱ་དགོས།

        སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་མང་བའི་ཁྱིམ་མིས་རྒན་རྒོན་དང་ཐུག་འཕྲད་ཉུང་ཙམ་བྱ་དགོས།

ནད་འགོས་ཉེན་ཆུང་དུ་གཏོང་བ།

        ཁང་པ་གཅིག་ཏུ་སྡོད་མཁན་ལ་རིམས་ནད་འགོས་ཚེ་ནང་གི་རྒན་རྒོན་ལ་རིམས་ནད་འགོས་པའི་ཉེན་ཁ་ཆུང་དུ་གཏོང་ཐབས་གཤམ་གསལ།

ཐུག་འཕྲད་ཉུང་ཙམ་བྱེད་པ།

        ཆ་རྐྱེན་ཡོད་པས་ནད་པ་ཁང་པ་གཞན་དུ་སྐྱེལ་བའམ་ཁང་པ་གཅིག་ནང་ལོགས་བཀར་བྱེད་པ། ཁྱིམ་མི་དང་རྒན་རྒོན་ཚང་མས་ལག་པའི་གཙང་སྦྲར་དོ་སྣང་བྱ་དགོས། ནད་པ་དང་ཁྱིམ་མིའི་ཁ་ལག་ཁ་ཁ་སོ་སོ་བྱས་ཏེ་ཟ་དགོས་པ་དང་ཟས་སྣོད་ལ་དུག་སེལ་ཡག་པོ་བྱ་དགོས།

ཁ་རས་བརྒྱག་དགོས།

        ཡིན་ཅིག་འཕྲད་དགོས་ཚེ་ཕན་ཚུན་གཉིས་ཀས་N95ཁ་རས་བརྒྱག་དགོས། 

ཁོར་ཡུག་ལ་གཙང་སྦྲ་བྱ་དགོས།

        སྤྱི་པའི་ཁུལ་གྱི་གཙང་སྦྲ་དང་དུག་སེལ་ཡག་པོ་བྱ་དགོས། ལྷག་པར་དུ་གསང་སྤྱོད་དང་རྒྱུན་དུ་རེག་མང་བའི་དངོས་པོ་དཔེར་ན་ལག་འཇུ་དང་། ཀ་ལའི་མགོ་སོགས་ལྟ་བུར་དུག་སེལ་ཡག་པོ་བྱ་དགོས།

དོ་སྣང་བྱ་རྒྱུར་ཤུགས་བརྒྱག་དགོས།

        རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་ལ་ལྷོད་གཡེང་མེད་པར་དོ་སྣང་ཡག་པོ་བྱས་ཏེ་གནས་ཚུལ་ཐོན་མ་ཐག་མྱུར་དུ་ཐག་གཅོད་བྱ་དགོས།

རིམས་ནད་འགོས་རྗེས་ཁྱིམ་དུ་སྨན་བཅོས་བྱེད་སྟངས།

རྒན་རྒོན་གྱི་ནད་རྟགས་མངོན་གསལ་མེད་པའི་ཁྱད་ཆོས།

        རྒན་རྒོན་གྱི་ན་ཚར་ནད་རྟགས་མངོན་གསལ་གང་ཡང་མེད། གཟུགས་པོར་ཤུགས་མེད་པ་དང་། རིག་པ་དྭངས་གསལ་མེད་པ། ཟས་ལ་དང་ག་མེད་པ། འགྲོ་དུས་གཟུགས་པོ་འཁྱོར་བའམ་བརྡབ་པ། སྙིང་འཕར་ཤུགས་ཆེ་རུ་འགྲོ་བ། དབུགས་གཏོང་ཤུགས་ཆེ་རུ་འགྲོ་བ་སོགས་ཀྱི་གནས་ཚུལ་ཐོན་སྐབས་ངེས་པར་དུ་དོ་སྣང་དང་གཟབ་གཟབ་བྱ་དགོས། 

བདེ་ཐང་བརྟག་དཔྱད་ཁག་ལ་ཤུགས་བརྒྱག་དགོས།

        རྒན་རྒོན་ལ་རིམས་ནད་འགོས་རྗེས་ཁ་ཁུ་སིམ་པོར་འགྱུར་གྱི་ཡོད། ཁྱིམ་མིའི་བསམ་པར་རྒན་རྒོན་དབུགས་གཏོང་སྟངས་སྙོམས་པོ་འདུག་སྙམ་མོད། དོན་དུ་ཁྲག་གི་དབྱང་རླུང་དམའ་པོ་ཆགས་ཟིན་ཡོད། དེར་བརྟེན་གཟུགས་པོའི་ཚ་བ་དང་། རྙིང་འཕར་ཚད། ཁྲག་ཤེད། དབུགས་གཏོང་ཚད་སོགས་ལ་བརྟག་དཔྱད་བྱ་དགོས། ཁྲག་གི་དབྱང་རླུང་དམའ་བའི་གནས་ཚུལ་ཐོན་ཚེ་དུས་ཐོག་ལ་སྨན་ཁང་དུ་འཁྲིད་དགོས། ད་དུང་རྒན་རྒོན་གྱི་སེམས་ཁམས་གནས་སྟངས་དང་། ཟས་ཀྱི་དང་ག བཙོག་གཅིན་སོགས་ལ་དོ་སྣང་བྱ་དགོས།

ན་ཚ་རྙིང་པར་གཟབ་དགོས།

        གློ་རྙིང་གི་ན་ཚ་རྙིང་པ་ཡོད་རིགས་ལ་ཁྲག་ནང་དབྱང་རླུང་འདང་མིན་བརྟག་དཔྱད་བྱ་དགོས།
        ཁྲག་ཤེད་མཐོ་བ། ཚ་བ་རྒྱས་པའམ་ལྷག་པར་དུ་ཚ་བའི་སྨན་ཟ་སྐབས། ངེས་པར་དུ་ཁྲག་ཤེད་བརྟག་དཔྱད་བྱ་དགོས། གལ་སྲིད་ཁྲག་ཤེད་རྒྱུན་ལྡན་ལས་དམའ་བ་ཡོད་ཚེ་ཁྲག་ཤེད་སྨན་ཉུང་ཙམ་ཟ་བའམ་གཏོང་མཚམས་འཇོག་དགོས།
        གཅིན་པ་མངར་འགྱུར་གྱི་ནད་པར་ཁྲག་གི་མངར་ཆའི་འགྱུར་ལྡོག་ལ་བརྟག་ནས་ཁྲག་གི་མངར་ཆ་དམའ་པོ་མི་ཆགས་པ་བྱ་དགོས།

སྨན་ཚུལ་བཞིན་བསྟེན་དགོས།

        ལོ་ན་མཐོ་བའི་བགྲེས་སོང་ལ་ཚ་བའི་སྨན་བསྟེར་སྐབས་ཡིད་གཟབ་བྱ་དགོས། རྔུལ་ནག་ཤུགས་ཆེན་དོན་ནས་ཟུངས་ཤོར་བ་དང་ཁྲག་ཤེད་དམའ་པོ་ཆགས་པར་དོགས་ཟོན་བྱ་དགོས་པ་མ་ཟད། རྔུལ་ནག་དོན་ཚད་དང་ཁྲག་ཤེད་ཆག་ཚད་ལ་གཞིགས་ནས་ཆུ་འཐུང་དགོས། ཚ་བའི་སྨན་རིགས་འགའ་ཤས་མཉམ་དུ་མི་ཟ་བར་སྔོན་ལ་རུ་ང་དོ་ནན་ངང་སྨན་གྱི་གསལ་བཤད་ཡི་གེར་ཡག་པོ་བལྟ་དགོས།

ངལ་གསོ་ཡག་པོ་བརྒྱབ་ནས་ཞག་ཚིལ་ཉུང་བའི་ཟས་ཟ་དགོས།

        ངལ་གསོ་ཡག་པོ་བརྒྱབ་ནས་གཉིད་འདང་ངེས་ཉལ་དགོས། ཞག་ཚིལ་ཉུང་བ་དང་འཇུ་བདེ་བའི་ཟས་རིགས་ཟ་བ་དང་། ཐེངས་གཅིག་ལ་ཁ་ལག་མང་པོ་མི་ཟ་བར་ཐུན་མང་མང་དུ་བཏང་ནས་ཟས་ཉུང་ཙམ་ཟ་དགོས།

རྒན་རྒོན་རིགས་ས་ལ་མི་འགྱེལ་བ་བྱ་དགོས།

        རྒན་རྒོན་འགུལ་སྐྱོད་བྱེད་སྐབས་ཁྱིམ་མིས་རོགས་རམ་བྱ་དགོས། མཚན་མོ་གཉིད་སད་ནས་སྐར་མ་ཕྱེད་ཀ་སོང་རྗེས་གསང་སྤྱོད་ལ་འགྲོ་བ་དང་ཉལ་ས་ནས་ཧོབ་ལངས་མི་བྱེད་པར་སྐར་མ་ཕྱེད་ཀ་སོང་རྗེས་ལངས་པ། ལངས་རྗེས་སྐར་མ་ཕྱེད་ཀ་ཐང་ཙམ་བྱས་རྗེས་འགྲོ་བ་བཅས་བྱ་དགོས་པ་དང་། གཉིད་ཡོངས་སུ་དྭངས་རྗེས་དལ་བུར་ཡར་ལངས་དགོས།