རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2022-12-31   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
བློ་མཐུན་རྣམ་པ་དང་། གྲོགས་པོ་རྣམ་པ། མཁྱེན་ལྡན་མ་རྣམ་པ། སྐུ་ཞབས་རྣམ་པ།
ལྷན་རྒྱས་བཀྲ་ཤིས་བདེ་ལེགས། སྤྱི་ལོ་2023ལོ་འཆར་གྲབས་ཡོད་པས་ངས་པེ་ཅིང་ནས་ཚང་མར་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།
སྤྱི་ལོ་2022ལོར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་འཆར་འགོད་བྱས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་པས་སྐྱོད་པའི་དུང་བརྡ་བསྒྲགས་ཡོད།
རང་རྒྱལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་པ་ཡིན་པའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་། དཔལ་འབྱོར་བརྟན་པོའི་ངང་གོང་འཕེལ་བྱུང་ཞིང་། ལོ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་ས་ཡ་གཅིག་དང་ཉིས་འབུམ་ལས་བརྒལ་བའི་རེ་བ་ཡོད། གོ་ལ་ཧྲིལ་པོར་འབྲུ་རིགས་ཉམས་ཉེན་འཕྲད་པའི་མདུན་དུ། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅུ་དགུ་བསྟུད་མར་ལོ་ལེགས་བྱུང་ཞིང་། ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་ཐུབ་ཡོད། ང་ཚོས་དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། ཤང་གྲོང་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཁྲལ་འཕྲི་གྲོན་གཅོག་སོགས་བྱ་ཐབས་རབ་དང་རིམ་པ་སྤྱད་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་པ། མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་གནད། བློ་དོགས། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཡོད།
རིམས་ནད་ཐོན་པ་ནས་བཟུང་། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་ཞིང་གནད་ལ་འཕིགས་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་རྒྱུན་འཁྱོངས། དུས་བབ་དང་བསྟུན་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལེགས་སྒྲིག་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་གང་ཐུབ་ཅི་ཐུབ་ཀྱིས་སྲུང་སྐྱོབ་བྱས་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་དང་ལྷག་པར་དུ་སྨན་དོན་མི་སྣ་དང་། གཞི་རིམ་ལས་དོན་པས་དཀའ་ངལ་ལ་མི་འཛེམས་པ་དང་། དཔའ་ངར་ཆེན་པོས་ལས་གནས་བརྟན་སྲུང་བྱས་ཡོད། དཀའ་སྤྱད་འབད་འབུངས་བྱས་པ་བརྒྱུད་ང་ཚོ་སྔར་འཕྲད་མྱོང་མེད་པའི་དཀའ་ངལ་དང་འགྲན་རྩོད་ལས་རྣམ་པར་རྒྱལ་ཡོད། མི་མི་རེ་ངོ་རེ་ཚང་མ་ལས་སླ་པོ་ཞིག་མ་རེད། མིག་སྔར་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པ་དེ་དུས་མཚམས་གསར་པར་སླེབས་ཡོད་པ་དང་། སྔར་བཞིན་དཀའ་ཚེགས་ཆེ་བའི་དུས་ཡིན་པས། ཚང་མས་བློ་བརྟན་འགྱུར་མེད་ངང་འབད་བརྩོན་བྱེད་བཞིན་ཡོད་ལ། རེ་བའི་འོད་སྣང་ཡང་མདུན་ཕྱོགས་སུ་ཡོད། ཚང་མས་ཡང་བསྐྱར་ཤུགས་ཤིག་རྒྱག་དགོས། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། མཐུན་སྒྲིལ་ནི་རྒྱལ་ཁ་ཡིན།
སྤྱི་ལོ་2022ལོར་བློ་མཐུན་ཅང་ཙེ་རྨིན་ང་ཚོ་དང་གཏན་དུ་ཞལ་གྱེས་པ་རེད། ང་ཚོས་ཁོང་གི་རླབས་ཆེ་བའི་མཛད་རྗེས་དང་བླ་ན་མེད་པའི་སྤྱོད་བཟང་ལ་རྗེས་དྲན་ཟབ་མོ་ཞུ་བ་དང་། ཁོང་གིས་འཇོག་གནང་མཛད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ལ་གཅེས་སྤྲས་བྱེད་བཞིན་ཡོད། ང་ཚོས་ཁོང་གི་ཐུགས་འདུན་རྒྱུན་འཛིན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཟམ་མི་ཆད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ནི་རླབས་དྲག་ཅིང་རྔམ་བརྗིད་ཆེ། མི་རབས་ནས་མི་རབས་བར་གྱིས་འབད་འཐབ་ཀྱི་རྒྱུན་བསྐྱངས་ནས་དེང་གི་ཀྲུང་གོ་འདི་བསྐྲུན་པ་རེད།
དེང་གི་ཀྲུང་གོ་ནི་ཕུགས་འདུན་གཅིག་རྗེས་གཉིས་མཐུད་ངང་མངོན་འགྱུར་བྱུང་བའི་ཀྲུང་གོ་ཡིན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་པར་གཉེར་ཞིང་། གངས་འཁྱགས་ལུས་རྩལ་པས་འགྲན་རའི་ཐོག་ཁྱད་རྩལ་བཏོན་ནས་ངོམས་སུ་ཆོག་པའི་གྲུབ་འབྲས་བླངས་ཡོད། ལྷ་གྲུ་བཅུ་གསུམ་པ་རྟགས་ཅན་དང་། བཅུ་བཞི་པ་རྟགས་ཅན། བཅོ་ལྔ་པ་རྟགས་ཅན་བཅས་གཅིག་རྗེས་གཉིས་མཐུད་ངང་བར་སྣང་དུ་འཕུར་བ་དང་། ཀྲུང་གོའི་བར་སྣང་ས་ཚིགས་ཁྱོན་ཡོངས་ནས་བསྐྲུན་ཚར་ཞིང་། ང་ཚོའི་བར་སྣང་ཁམས་ཀྱི་ཁྱིམ་གཞིས་དེ་དགུ་ཚིགས་ཁམས་སུ་རྒྱུ་བཞིན་ཡོད། མི་དམངས་དམག་དཔུང་བཙུགས་ནས་ལོ་ངོ་95འཁོར་བ་དང་། རྒྱ་ཆེའི་དཔོན་དམག་རྣམས་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་རླབས་པོ་ཆེ་སྒྲུབ་པའི་རྒྱང་སྐྱོད་ལམ་བུའི་ཐོག་མགྲིན་པ་གཟེངས་སུ་བཏེགས་ནས་མདུན་དུ་སྐྱོད་བཞིན་ཡོད། དམག་གྲུ་ཨ་མ་གསུམ་པ་ཧྥུ་ཅན་རྟགས་ཅན་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། C919རྟགས་ཅན་གྱི་གནམ་གྲུ་ཆེ་གྲས་བེད་སྤྱོད་གཏོང་རྒྱུར་རྩིས་སྤྲད་པ། པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་ནས་གློག་ཁྱོན་ཡོངས་ནས་གཏོང་འགོ་ཚུགས་པ་སོགས་འདི་དག་ཐམས་ཅད་ལ་མི་གྲངས་ལས་འདས་པའི་དཀའ་སྤྱད་ཀྱི་རྔུལ་ཆུ་འདུས་ཡོད། མེ་སྟག་འདུས་པ་ལས་དཔལ་འབར། འདི་ནི་ཀྲུང་གོའི་སྟོབས་ཤུགས་རེད།
དེང་གི་ཀྲུང་གོ་ནི་སྐྱེ་སྟོབས་རྒྱས་ཤིང་གསོན་ཤུགས་ཀྱིས་ཕྱུག་པའི་ཀྲུང་གོ་ཡིན། རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་ཁག་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་དར་རྒྱས་གོང་འཕེལ་འགྲོ་བ་དང་། མཚོ་འགྲམ་ས་ཁུལ་ཁག་གསར་གཏོད་ལ་འབུངས་པ། དབུས་ནུབ་ས་ཁུལ་གྱིས་གོང་འཕེལ་མགྱོགས་སུ་གཏོང་བ། བྱང་ཤར་དར་རྒྱས་ཀྱི་སྟ་གོན་ལེགས་པར་བྱས་པ། མཐའ་མཚམས་ས་ཁུལ་མཐའ་དར་དམངས་ཕྱུག་ལ་འབད་བཞིན་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ་དང་། གདིང་ཤུགས་ཆེ་བ། གསོན་ཤུགས་འདང་ངེས་བཅས་ཡོད་པས། དུས་ཡུན་རིང་པོའི་ནང་ལེགས་པར་ཕྱོགས་པའི་གཞི་རྩའི་གནས་སྟངས་ལ་སྔར་བཞིན་འགྱུར་བ་ཕྱིན་མེད། སེམས་ཤུགས་བརྟན་ཚུགས་དང་། བརྟན་ཐོག་ཡར་རྒྱས་ཡོང་བ་བྱས་ཚེ་ང་ཚོའི་སྔོན་གཏན་འཁེལ་བའི་དམིགས་འབེན་ལེགས་སྒྲུབ་ཐུབ་ངེས་རེད། ད་ལོ་ང་རང་ཤང་ཀང་ལ་བསྐྱོད་པ་ཡིན་ལ་ཤང་ཀང་འདི་ཉིད་བཅོས་སྐྱོང་ནས་དར་རྒྱས་གཏོང་བར་གྱུར་ཟིན་པ་མཐོང་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་ཡག་པོ་བྱས་ཚེ་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་ངེས་རེད།
དེང་གི་ཀྲུང་གོ་ནི་མི་རིགས་ཀྱི་སྙིང་སྟོབས་རྒྱུན་མཐུད་པའི་ཀྲུང་གོ་ཞིག་ཡིན། ལོ་འདིར་ས་ཡོམ་དང་། ཆུ་ལོག ཐན་པ། རི་མེ་སོགས་རང་བྱུང་གནོད་འཚེ་དང་བདེ་འཇགས་ཀྱི་དོན་རྐྱེན་ཁག་གཅིག་ཐོན་ནས་མི་རྣམས་ལ་སེམས་ཁྲལ་དང་སེམས་སྡུག་བཟོས་ཡོད། ཡིན་ནའང་བདེན་དོན་གྱི་ཆེད་དུ་རང་སྲོག་བློས་གཏོང་དང་སོ་སྲུང་རོགས་རེས་བྱེད་པའི་རྣམ་པ་ནི་མི་སེམས་གཏིང་ཟབ་འགུལ་བར་བྱེད་པ་ཞིག་ཡིན་ཞིང་། དཔའ་བོའི་མཛད་རྗེས་དུས་ནམ་ཡང་ང་ཚོའི་སྙིང་དབུས་སུ་གནས་རྒྱུ་རེད། ལོ་རྙིང་པ་ཕར་ལ་སྐྱེལ་ཞིང་ལོ་གསར་པ་ཚུར་ལ་བསུ་སྐབས། ཀྲུང་ཧྭ་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ནང་རྒྱུན་འཛིན་བྱས་པའི་གཞུང་སེམས་རྣམ་དག་ཡིད་ལ་འཆར་བ་དང་། དེ་ཡིས་མདུན་སྐྱོད་ཀྱི་སེམས་ཤུགས་ཆེས་ཆེར་འཕེལ་བར་བྱེད།
དེང་གི་ཀྲུང་གོ་ནི་འཛམ་གླིང་ལ་འབྲེལ་བ་དམ་ཟབ་བྱེད་པའི་ཀྲུང་གོ་ཡིན། ལོ་འདིར་ངས་པེ་ཅིང་ནས་གྲོགས་པོ་གསར་རྙིང་མི་ཉུང་བ་ཞིག་ལ་བསུ་བ་ཞུས་ཡོད་ལ། ཕྱི་རྒྱལ་དུའང་ཕྱིན་ནས་ཀྲུང་གོའི་འདོད་ཚུལ་བརྗོད་ཡོད། ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འཕེལ་འགྱུར་ཆེན་མོ་ཤུགས་ཆེར་འགྲོ་བ་དང་། འཛམ་གླིང་ཞི་བདེ་དེ་ཙམ་མེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་གོང་འཕེལ་ལ་གཅེས་སྤྲས་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་གྲོགས་པོ་དང་རོགས་ཟླར་གཅེས་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་གོང་འཕེལ་གྱི་བྱ་གཞག་ཆེད་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་འབུལ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་རྗེས་ང་དང་ལས་རོགས་རྣམས་མཉམ་དུ་ཡན་ཨན་དུ་བསྐྱོད་ནས་ཏང་ཀྲུང་དབྱང་གིས་ཡན་ཨན་གྱི་དུས་སྐབས་སུ་འཛམ་གླིང་ཐོག་མཐོང་བར་དཀོན་པའི་དཀའ་ཚེགས་ལས་རྣམ་པར་རྒྱལ་བར་བྱས་པའི་འོད་སྟོང་འཕྲོ་བའི་ལོ་ཟླར་ཕྱིར་དྲན་བྱས་པ་དང་། གུང་ཁྲན་ཏང་ཡོན་རྒན་རབས་པ་རྣམས་ཀྱི་བསམ་པའི་སྟོབས་ཤུགས་ཉམས་སུ་མྱང་བ་ཡིན། ངས་དཀའ་ཚེགས་ཀྱི་ཁྲོད་དུ་སྙིང་སྟོབས་ལ་ཞུན་བརྡར་ཐུབ་ཅེས་རྟག་ཏུ་བརྗོད་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་ནང་དྲག་ཆར་རླུང་འཚུབ་བརྒྱུད་ཅིང་ཚེར་མའི་ལམ་བུ་བརྒལ་བའི་བརྒྱུད་རིམ་ནི་ཇི་འདྲའི་དཀའ་ཚེགས་ཆེ་ལ་རླབས་ཆེ་བ་ཞིག་རེད་ཨང་།ང་ཚོས་མུ་མཐུད་མདུན་དུ་སྐྱོད་པ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་འབྱུང་འགྱུར་གྱི་ཀྲུང་གོ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་བྱ་དགོས།
འབྱུང་འགྱུར་གྱི་ཀྲུང་གོས་འབད་འཐབ་ལ་བརྟེན་ནས་ངོ་མཚར་གཏོད། སུའུ་ཧྲིས། ལས་ཀ་དཀའ་བ་དེ་སྒྲུབ། དམིགས་འབེན་རིང་བ་དེར་སྙེག་ཅེས་གསུངས། དེ་ནི་གང་ཞིག་དཀའ་ཚེགས་ཆེ་བའི་གནད་དེ་འགག་གཏོར་ཐུབ་པ་བྱེད་དགོས་པ་དང་། གང་ཞིག་རྒྱང་རིང་བའི་དམིགས་འབེན་དེ་འབད་པར་བརྟེན་ནས་མངོན་འགྱུར་ཐུབ་པ་བྱ་དགོས་ཞེས་པའི་དོན་ཡིན། ལམ་ ཐག་རིང་ཡང་སྐྱོད་ན་སླེབས། དཀའ་ཚེགས་ཆེ་ཡང་བསྒྲུབས་ན་འགྲུབ། ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་དང་། ཆུ་ཐིགས་ཀྱིས་རྡོ་ལ་ཨི་ཁུང་འབིགས་པའི་སྙིང་རུས་ཐོག་ནས་ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་འབད་འཐབ་བྱས་གྱུར་ན། ལེ་དབར་སྟོང་ཕྲག་ནི་གོམ་པ་རེ་རེ་བཞིན་སྤོས་ནས་སླེབས་པ་བཞིན་བརྗིད་ཆེའི་དམིགས་འབེན་དག་མཛེས་སྡུག་ལྡན་པའི་དོན་དངོས་ལ་འགྱུར་ཐུབ་ངེས་རེད།
འབྱུང་འགྱུར་གྱི་ཀྲུང་གོ་ཡི་སྟོབས་ཤུགས་ནི་མཐུན་སྒྲིལ་ལས་འབྱུང་། ཀྲུང་གོ་ཆེན་པོ་འདི་འདྲ་ཞིག་ཡོད་པས་མི་མི་འདྲ་བར་རེ་སྙེག་མི་འདྲ་བ་ཡོང་ངེས་པ་དང་། དོན་དག་གཅིག་ལ་ཡང་ལྟ་ཚུལ་མི་འདྲ་བ་འབྱུང་སྲིད། འདི་ནི་རྒྱུན་གཏན་ཞིག་རེད། འབྲེལ་གཏུག་གྲོས་མོལ་ལ་བརྟེན་ནས་གྲོས་མཐུན་གཅིག་སྡུད་བྱེད་དགོས། ཀྲུང་གོ་བ་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་བསམ་བློ་གཅིག་ལ་གཏོང་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐོག ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་བྱས་ཚེ། སྒྲུབ་མི་ཐུབ་པའི་དོན་དག་མེད་ལ་རྒྱག་མི་ཐུབ་པའི་ལ་མེད། མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ཁ་ཕྱོགས་གཅིག་ཏུ་སྐྱོད་པ་དང་། ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཇི་སྲིད་བར་གྱི་ཕན་བདེ་མཉམ་དུ་བསྐྲུན་རྒྱུའི་རེ་བ་སེམས་གཏིང་ནས་བྱེད་ཀྱི་ཡོད།
འབྱུང་འགྱུར་གྱི་ཀྲུང་གོའི་རེ་བ་གཞོན་ནུ་ཚོར་བཅོལ་ཡོད། གཞོན་ནུ་དར་ན་རྒྱལ་ཁབ་དར། ཀྲུང་གོ་གོང་འཕེལ་འགྲོ་བ་བྱེད་པར་རྒྱ་ཆེའི་གཞོན་ནུ་རྣམས་ནས་འགན་འཁྲི་ཕྲག་ཏུ་འཁུར་དགོས། གཞོན་ནུའི་སྐྱེ་སྟོབས་རབ་ཏུ་འབར་ཞིང་ལང་ཚོར་རེ་བའི་ས་བོན་སྦྲུམ་ཡོད། རྒྱ་ཆེའི་གཞོན་ནུ་རྣམས་ནས་རྒྱལ་ཁབ་ལ་བརྩེ་བ་འཆང་བ་དང་། ཡར་རྒྱས་བརྩོན་ལེན་གྱི་སྤྱོད་བཟང་རྒྱུད་ལ་འཇགས་པར་བྱེད་པ། འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་ལང་ཚོའི་དཔལ་འབར་བ་བཅས་བྱས་ཏེ་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། ལང་ཚོར་ངོ་གནོང་མི་དགོས་པ་ཞིག་བྱ་དགོས།
དུས་འདི་དང་མཚམས་འདིར། མི་མང་པོ་ཞིག་ད་དུང་དཀའ་ཚེགས་བྲེལ་འཚུབ་ངང་ལས་ལ་འབུངས་བཞིན་ཡོད། ཚང་མ་སྐུ་ལས་ཁག་སོང་། ལོ་གསར་པའི་ཅོང་བརྡ་གྲགས་ལ་ཉེ། ང་ཚོས་འབྱུང་འགྱུར་ལ་བཅངས་པའི་རེ་སྨོན་བཟང་པོའི་ཐོག་ནས་སྤྱི་ལོ་2023ལོའི་ཉི་ཟེར་དང་པོ་མཉམ་དུ་བསུ།
མེས་རྒྱས་དར་རྒྱས་མངའ་ཐང་རྒྱས་པ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་ཞུ། འཛམ་གླིང་ཞི་བདེ་དང་མཛེས་སྡུག་ལྡན་པ་དང་། བདེ་སྐྱིད་ལྷིང་འཇགས་ཡོང་བའི་སྨོན་འདུན་ཞུ། ཚང་མ་ལོ་གསར་ལ་སྤྲོ་པོ་ཡོང་བ་དང་བསམ་དོན་ཡིད་བཞིན་འགྲུབ་པའི་སྨོན་འདུན་ཞུ།
ཐུགས་རྗེ་ཆེ།