རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-03   རྩོམ་ཁུངས།   
ཟླ་1ཚེས་3ཉིན་བདེ་ཆེན་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོ་གཅིག་རྗེས་གཉིས་མཐུད་ངང་བཅའ་སྡོད་བྱ་ཡུལ་དུ་འབྱོར་ཐོ་འགོད་དུ་ཡོང་ལ“ཚོགས་ཆེན་གཉིས”ཀྱི་དུས་སུ་སླེབས་ཡོད།
འབྱོར་ཐོ་འགོད་ཡུལ་དུ་སླེབས་པ་ན་ཨུ་ཡོན་ཚོས་གོ་རིམ་ཧྲིལ་པོར་ཁ་ཐུམ་བརྒྱབ་ནས་གོ་རིམ་ལྡན་པའི་ངང་ཐོ་འགོད་དང་། དཔྱད་གཞིའི་ཡིག་ཆ་ལེན་བཞིན་ཡོད་ལ། ཞག་སྡོད་འགྲོ་ལུགས་བསྒྲུབ་པ་བཅས་བྱེད་བཞིན་ཡོད་དེ་ཡུལ་དངོས་ཀྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད། གསར་འགོད་པས་ཡུལ་དངོས་སུ་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འཁྱེར་ཡོང་བའི་གྲོས་གཞིའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དེ་ཚན་སློབ་དང་། སྨན་བཅོས། གྲོང་ཁྱེར་འཛུགས་སྐྲུན། རིག་གནས་ཡུལ་སྐོར། གྲོང་གསེབ་དར་རྒྱས་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་མང་བོ་ཚུད་ཡོད་པ་རེད།
སྨན་བཅོས་འཕྲོད་བསྟེན་ལས་རིགས་ནས་ཡོང་བའི་སྲིད་གྲོས་ཀྱི་ཨུ་ཡོན་ལིའུ་ཡོན་ཁྲུན་གྱིས་གསར་དུ་བྱུང་བའི་རིམས་ནད་ཀྱི་གནས་ཚུལ་ཐོན་ཚུན་རང་ཁུལ་གྱི་ཤང་གྲོང་རིམ་པར་སྨན་གྲབས་གསོག་དང་། འགོག་སྲུང་ཐོན་ཁུངས། སྨན་དོན་མི་སྣ་བཅས་མི་འདང་བའི་གནས་ཚུལ་ཐོན་ཡོད་པས་སྲིད་གཞུང་གིས་ཤང་གྲོང་གི་རིམ་པ་དང་པོའི་སྨན་བཅོས་ཐད་མ་དངུལ་གཏོང་ཤུགས་དང་སྲིད་ཇུས་ཐད་གཟིགས་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
སྲིད་གྲོས་ཀྱི་ཨུ་ཡོན་བདེ་ཆེན་ཨ་ཏུན་ཙེ་རྒུན་ཆང་གི་འགན་འཁུར་བ་དང་ཅུའུ་ཞང་གིས་གསར་འགོད་པར་ན་ནིང་ངས་ཁྱེར་ཡོང་བའི་ལག་ཁྱེར་གཉེར་དཀའ་བའི་སྐོར་གྱི་གྲོས་གཞི་རྣམས་ཚོགས་འདུ་གྲོལ་རྗེས་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད། ཉེ་བའི་ལོ་གཉིས་རིང་ནད་ཡམས་ཀྱི་ཤུགས་རྐྱེན་ཕོག་ནས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རྡུང་རྡེག་ཆེན་པོ་ཕོག་ཡོད། འདི་ལོ་ཁོང་གིས་སྲིད་གཞུང་གིས་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁོང་ཚོར་རང་ངོས་འཕེལ་རྒྱས་གཏོང་དུ་འཇུག་པ་དང་ཆབས་ཅིག་མི་སེར་དེ་བས་མང་བ་ལས་ཞུགས་ཐུབ་རྒྱུའི་སྣེ་ཁྲིད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བདེ་ཆེན་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པ་ཟླ་1ཚེས་4ཉིན་ནས་ཚེས་6ཉིན་བར་ཚོགས་རྒྱུ་ཡིན་ལ། དེའི་རྗེས་ཀྱི་ཉིན་ཤས་ནང་ཨུ་ཡོན་ཚོས་རང་རང་གི་རྒྱུས་མངའ་ཡོད་པའི་ཁྱབ་ཁོངས་ནང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཨུ་ཡོན་ཚོའི་འགན་འཁྲི་བསྒྲུབས་ནས་གཞི་རིམ་གྱི་རེ་སྒུག་དང་མང་ཚོགས་ཀྱི་བསམ་འདུན་ཚོགས་འདུའི་ཐོག་མཚོན་པར་བྱས་ཏེ། སྲིད་ཞུགས་སྲིད་གླེང་དང་ཐབས་དང་ཇུས་འདོན་ཧུར་ཐག་གིས་རང་རེའི་ཀྲོའུ་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་རེད།