རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-03   རྩོམ་ཁུངས།    གངས་ལྗོངས་མེ་ལོང་།
དེང་སང་ལུས་ཕུང་ཞིང་བཤེར་བྱེད་རྒྱུ་རྒྱུན་ཆགས་སུ་སོང་ཡོད། བརྟག་དཔྱད་བྱེད་ཐེངས་གཅིག་ལ་མི20%ནས30%བར་ལ་མཆིན་པ་ཚིལ་འགྱུར་ཡོད་པ་ནི་རྒྱུན་ལྡན་གྱི་དོན་དག་ཞིག་ཏུ་གྱུར་ཡོད། ལ་ལས་སྨན་ལ་བསྟེན་ནས་བཅོས་ཐབས་བྱེད་པར་སྨན་པར་བློ་འདྲི་བ་ཡིན། སྨན་པ་མང་ཆེ་བས་མཆིན་པའི་བྱེད་ལས་རྒྱུན་ལྡན་ཡིན་པའི་མཆིན་པ་ཚིལ་འགྱུར་ནི“ཁེར་རྐྱང་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་ཡིན་པས། སྨན་འཐུང་མི་དགོས། “ཁ་ལ་བདག་བྱེད་པ་དང་རྐང་པ་སྤོས་བས”ཆོག་ཅེས་བཤད་པ་དེར། ནད་པ་མང་ཆེ་བས་རྒྱུན་དུ་གོ་བ་ལོག་ལེན་གྱིས་སྣང་མེད་དུ་སྐྱུར་འཇོག
མཆིན་པ་ཚིལ་འགྱུར་ལ་རིགས་གང་དག་ཡོད་ཅེ་ན།
མཆིན་པ་ཚིལ་འགྱུར་ལ་ཆང་བཅུད་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་དང་ཆང་བཅུད་རང་བཞིན་མ་ཡིན་པའི་མཆིན་པ་ཚིལ་འགྱུར་ཞེས་རིགས་ཆེན་པོ་གཉིས་ཡོད། སྔོན་མ་ནི་ཆང་འཐུང་དྲགས་པས་ཡིན་པ་དང་། ཕྱི་མ་ནི“མཐོ་གསུམ”དང་མཉམ་དུ་རྙིང་ཚབ་གསར་བརྗེའི་ཕྱོགས་བསྡུས་ནད་རྟགས་ཀྱི་ཁོངས་སུ་གཏོགས་པའི་ཆ་ཤས་ཤིག་སྟེ། རྙིང་ཚབ་གསར་བརྗེའི་ཕྱོགས་བསྡུས་ནད་རྟགས་དེ་མཆིན་པའི་ཁྲོད་ཀྱི་མངོན་ཚུལ་ཞིག་ཡིན། སྤྱིར་བཏང་དུ་ལུས་ཕུང་ཞིབ་བཤེར་ཁྲོད་ནས་ཤེས་རྟོགས་བྱུང་བའི་མཆིན་པ་ཚིལ་འགྱུར་དེ། ཆང་འཐུང་དྲགས་པ་ལས་བྱུང་བ་མིན་ན། གཞན་འདིའི་རིགས་སུ་གཏོགས།
མཆིན་པ་ཚིལ་འགྱུར་ལ་རྐྱེན་ངན་གང་དག་ཡོད།
1.མཆིན་པ་ཚིལ་འགྱུར་མངོན་ཚེ། རྙིང་ཚབ་གསར་བརྗེའི་ཕྱོགས་བསྡུས་ནད་རྟགས་ཀྱི་མངོན་ཚུལ་གཞན་དག་ལ་ཞིབ་འཇུག་ཟབ་མོ་བྱེད་དགོས་ཏེ། དཔེར་ན་ཁྲག་ཤེད་མཐོ་བ་དང་ཁྲག་ཞག་མཐོ་བ། ཁྲག་མངར་མཐོ་བ། ཐ་ན་གཅིན་སྐྱུར་མཐོ་བའི་ཁྲག་ནད་སོགས་ཀྱི་མངོན་ཚུལ་དང་འཕེལ་ཕྱོགས་ཡོད་མེད་ལ་བལྟ་དགོས། གལ་ཏེ་ཡོད་ན། གསོ་བཅོས་དང་དོགས་ཟོན་བྱེད་དགོས།
2.གལ་ཏེ་འཚོ་བའི་གོམས་གཤིས་ལེགས་སྒྱུར་མི་བྱེད་པར་བསྐྱུར་ན། ཁེར་རྐྱང་རང་བཞིན་གྱི་མཆིན་པ་ཚིལ་འགྱུར་གྱིས་ཀྱང་ཚིལ་འགྱུར་ཅན་གྱི་མཆིན་ཚད་དང་། ཚིལ་འགྱུར་ཅན་གྱི་མཆིན་པ་སྲ་འགྱུར། ཐ་ན་མཆིན་སྐྲན་དུའང་འགྱུར་སྲིད།
3.མཆིན་པའི་བྱེད་ལས་རྒྱུན་ལྡན་ཡིན་པའི་མིས་བརྟག་དཔྱད་བྱེད་སྐབས། ཚད་བརྒལ་སྒྲ་རླབས་ཀྱི་བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་བའི་མཆིན་པ་ཚིལ་འགྱུར་ཐད་ཀར་མཆིན་སྐྲན་དུ་འགྱུར་བའི་སྲིད་ཕྱོད་ཆུང་མོད། འོན་ཀྱང་ནད་པ་འདི་རིགས་ཚིལ་འགྱུར་ཅན་གྱི་མཆིན་ཚད་དུ་འགྱུར་བའི་སྲིད་ཕྱོད་ལྡན། མཆིན་པའི་བྱེད་ལས་ལ་གནོད་འཚེ་ཐེབས་ན། འཚོ་བའི་གོམས་གཤིས་ལེགས་སྒྱུར་བྱེད་དགོས་པ་མ་ཟད། ད་དུང་སྨན་རྫས་ངེས་ཅན་ཞིག་སྤྱད་དེ། མཆིན་པ་ཚི་སྣ་ཅན་དང་མཆིན་པ་སྲ་འགྱུར་དུ་འགྱུར་བར་སྔོན་འགོག་བྱེད་དགོས། གལ་ཏེ་མཆིན་ཚད་ཁ་པའམ་མཆིན་ཚད་ག་པའི་ནད་དུག་སྦྲགས་མ་འགོས་པའམ་གཅིན་སྙི་ཟ་ཁུའི་ནད་དང་སྦྲགས་ན། མཆིན་སྐྲན་དུ་འགྱུར་ཚད་དེ་ལས་ཀྱང་མཐོ།
མཆིན་པ་ཚིལ་འགྱུར་ཇི་ལྟར་སྔོན་འགོག་བྱེད་དགོས།
རྙིང་ཚབ་གསར་བརྗེ་དང་འབྲེལ་བའི་ཚིལ་འགྱུར་ཅན་གྱི་མཆིན་ནད་མཆིན་སྐྲན་དུ་འགྱུར་བའི་རྒྱུ་རྐྱེན་གོང་དུ་བརྗོད་པའི་ཚིལ་འགྱུར་ཅན་གྱི་མཆིན་ཚད་དང་མཆིན་པ་ཚི་སྣ་ཅན། མཆིན་པ་སྲ་འགྱུར། མཆིན་ཚད་ཁ་པ་དང་མཆིན་ཚད་ག་པའི་ནད་དུག་སྦྲགས་མ་འགོས་པ། གཅིན་སྙི་ཟ་ཁུའི་ནད་དང་སྦྲགས་པ་བཅས་ལས་གཞན། སྐྱེས་པ་དང་ལོ་ན་མཐོ་བ། ལུས་རྒྱགས་པ། ཐ་མག་འཐེན་པ། ཆང་འཐུང་བ་སོགས་ནི་མཆིན་སྐྲན་འབྱུང་བའི་ཉེན་ཁའི་རྒྱུ་རྐྱེན་ཡིན།
སྔ་མོ་ནས་མཆིན་སྐྲན་བཤེར་ཐུབ་ཆེད། མཆིན་ནད་འདིའི་རིགས་ཀྱི་ནད་པའི་ནད་རྟགས་ཚིལ་འགྱུར་ཅན་གྱི་མཆིན་ཚད་དང་། མཆིན་པ་ཚི་སྣ་ཅནའམ་མཆིན་པ་སྲ་འགྱུར་ཅན་དུ་འགྱུར་བཞིན། མཆིན་ཚད་ཁ་པ་དང་མཆིན་ཚད་ག་པའི་ནད་དུག་སྦྲགས་མ་འགོས་པ། གཅིན་སྙི་ཟ་ཁུའི་ནད་དང་སྦྲགས་པ་སོགས་སུ་གྱུར་ན། དུས་རྒྱུན་མཆིན་སྐྲན་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།
འོན་ཀྱང་མཆིན་སྐྲན་མི་འབྱུང་ཆེད། མཆིན་ནད་ཕོག་མཁན་འདི་རིགས་ཀྱིས་འབད་པ་ཆེན་པོས་འཚོ་བའི་གོམས་གཤིས་ལེགས་སྒྱུར་བྱེད་དགོས། “ཁ་ལ་བདག་བྱེད་པ་དང་རྐང་པ་སྤོ་བ”ལས་གཞན། དུ་ཆང་གཅོད་དགོས། ལུས་རྒྱགས་པོ་ཅན་ཚོས་འབད་པས་ཚོ་བྱང་དུ་འཇུག་དགོས།
མཆིན་ནད་ཁ་བ་དང་མཆིན་ནད་ག་བའི་ནད་དུག་སྦྲགས་མ་འགོས་པ། ཡང་ན་གཅིན་སྙི་ཟ་ཁུའི་ནད་པས་སྨན་བཅོས་བྱས་ཏེ། སྐྲན་ནད་དུ་འགྱུར་བའི་ཉེན་རྒྱུ་ཇེ་ཉུང་དུ་གཏོང་དགོས།།