སྙན་སྒྲོན་པ་གྲགས་ཅན་ཀླུ་མོ་ལགས་ཀྱི་མི་ཚེའི་གཏམ་རྒྱུད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-12   རྩོམ་ཁུངས།    བོད་ཀྱི་གྱེར་འདོན་སྤྱི་སྟེགས།

        འདི་ནི་གླེང་རིན་ཡོད་པའི་ཆེད་ལས་མི་སྣ་ཞིག་གི་ལོ་རྒྱུས་ཡིན་ཞིང་། འདི་ནི་ཅིས་ཀྱང་གླེང་དགོས་པའི་བོད་རིགས་བུད་མེད་ཅིག་གི་མི་ཚེའི་གཏམ་རྒྱུད་ཡིན། མོ་ལ་ཁྱད་དུ་འཕགས་པའི་བསླབ་གནས་དང་། གནམ་ས་སྐྱོམ་པའི་གྲུབ་འབྲས་སོགས་མེད་ནའང་། རང་ཉིད་ཀྱི་ལས་རྐང་སྟེང་ནས་སུ་ལའང་འཁང་ར་དང་སྡུག་ཡུས་མ་བགྲངས་ཤིང་། ནམ་ཞར་ཡང་ཁྲལ་སེལ་དང་སླ་བཅོས་མ་བྱས་པར་གཟབ་ནན་དང་ཧུར་བརྩོན་གྱི་ཟུངས་ཁྲག་གདུ་བཞིན། ཉི་མ་རེ་རེ་བཞིན་སྤྲོ་སྣང་ཞིག་གིས་ཀུན་ནས་བསླངས་ཏེ། འགན་འཁྲི་ཞིག་གིས་རབ་ཏུ་བསྡམས་ནས། ཏང་དང་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་གྱི་སླད་དུ་དཀའ་སྤྱད་འབད་བརྩོན་གྱིས་རང་ཉིད་ཀྱི་མི་ཚེའི་རིན་ཐང་བསྐྲུན་ཅིང་མི་ཚེའི་དོན་སྙིང་བཙལ། དེ་བས། མི་ཕལ་བ་ཞིག་གི་ལོ་རྒྱུས་ལ་ཕལ་བ་མ་ཡིན་པའི་ཞབས་རྗེས་ཀྱི་བཀྲག་མདངས་འཚེར་ཞིང་། མི་ཕལ་མོ་ཆེའི་བློ་ངོར་གསུབ་ཏུ་མེད་ཅིང་ཚབ་བྱེད་དཀའ་བའི་དྲན་ཤིང་གི་རྡོ་རིང་བསླངས་ཡོད། མོ་ནི་མིང་དུ་གྲགས་པའི་སྙན་སྒྲོན་པ་རྒན་རབས་ཤིག་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་ཀྱི་བུད་མེད་སྙན་སྒྲོན་པ་ཆེས་ཐོག་མའང་ཡིན། མོས་ཆེས་སྤྱིར་བཏང་གི་མི་ཚེའི་ལམ་ཁ་ཞིག་ནས་རང་ཉིད་ཀྱི་ཕྱི་ནང་གི་མཐུན་རྐྱེན་ལ་བརྟེན་ཏེ། མི་ལོ་བཞི་བཅུ་སྟེ། མི་རིང་མི་ཐུང་བའི་མི་ཚེ་ཞིག་གི་ལང་ཚོ་བོད་སྐད་སྙན་སྒྲོན་གྱི་བྱ་གཞག་ལ་བསྟིམས་ནས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྨྲ་བརྗོད་དང་སྐད་གདངས་ཀྱིས་རང་ཉིད་ཀྱི་སྣང་བརྙན་བསྐྲུན་པར་མ་ཟད། མི་རིགས་ཤིག་གི་མདུན་སྐྱོད་ལ་སྐུལ་ལྕག་ཐེབས་ཤིང་དུས་རབས་ཤིག་གི་མི་རབས་འགར་སེམས་ཤུགས་བསྩལ་བ་རེད། དེ་བས་མོ་ལ་སྐབས་དེའི་རྒྱ་ཆེའི་བོད་རིགས་ཉན་མཁན་རྣམས་ཀྱི་སེམས་གཏིང་ནས་བརྡོལ་བའི་བསྔགས་བརྗོད་དང་དགའ་མགུ་ཚད་མེད་ཐོབ་མྱོང་།

        སྤྱི་ལོ2020ལོའི་དབྱར་ཁའི་ཉིན་ཞིག་ལ་ང་དང་ལས་གྲོགས་སྒྲོལ་མ་སྐྱིད་གཉིས་རྒན་ཀླུ་མོའི་གམ་དུ་འཚམས་འདྲིའམ་བཅར་འདྲིར་བྱིན་པ་ན། དགུང་ལོ་བརྒྱད་ཅུ་ལྷག་ལ་སླེབས་པའི་མོའི་རྣམ་རིག་སྔར་ལྟར་གསལ་ཞིང་། རླུང་འཕྲིན་ལ་བཅངས་པའི་བརྩེ་བ་སྔར་ལྟར་ཟབ་པས། ང་ཚོར་འདས་དོན་རྣམས་གཏམ་རྒྱུད་བཞིན་འཆད་མགོ་བརྩམས་བྱུང་། གཤམ་དུ་ང་ཚོས་མོའི་མི་ཚེའི་བྱ་གཞག་གི་བརྒྱུད་རིམ་ལ་ཐེངས་གཅིག་གསན་དང་། འདི་ནི་མོ་རང་ཉིད་ཀྱི་མི་ཚེའི་བྱ་གཞག་གི་བརྒྱུད་རིམ་ཙམ་དུ་མ་ཟད། མཚོ་སྔོན་བོད་སྐད་རླུང་འཕྲིན་ནར་སོན་པའི་གོ་རིམ་ཞིག་ཀྱང་ཅི་ལ་མིན།

        དང་པོ།

        སྤྱི་ལོ1938ལོའི་ལུགས་རྙིང་གི་ཟླ་བཅུ་བའི་ཉིན་ཞིག་ལ། ཆུ་བོ་གསུམ་གྱི་མགོ་ཁུངས་སུ་གྱུར་པའི་མཚོ་སྔོན་ཞིང་ཆེན་ཐུན་ཏེ་རྫོང་གི་རྨ་ཆུའི་འགྲམ་རྒྱུད་ཀྱི་མཚེར་ནགས་སྡེ་བའི་རོང་ཁྱིམ་ཞིག་ཏུ། བུ་མོ་ཞིག་གི་ཚེ་སྲོག་གི་འདབ་ལོ་འབུས་པས། ཁྱིམ་མི་གང་བོར་སྔ་ན་མེད་པའི་སྤྲོ་དགའི་སྦྲང་ཆང་བསྩལ། བཟའ་མི་གང་བོ་ལྷན་དུ་འཛོམས་ནས་འཇིག་རྟེན་གྱི་མགྲོན་པོ་གསར་བར་མིང་གདགས་པའི་ཚེ། མོའི་ཕ་ནི་སྐུ་འབུམ་ཚོ་དྲུག་གི་ཆར་གཏོགས་པའི་ཙོང་ཁའི་མི་ཡིན་ཞིང་། སྐུ་འབུམ་གྱི་ཞིང་ཤག་ཚོ་བ་ནས་ཚུར་མག་པར་ཡོང་བ་ཡིན་ལ། ས་དེ་གའི་ལུགས་སྲོལ་ལམ་རིག་གནས་མཉམ་འདྲེས་ཀྱི་དབང་གིས་ཙོང་ཁ་བདེ་ཁམས་ཕྱོགས་ཀྱི་རུས་མིང་འདོགས་སྲོལ་བཞིན། ཕའི་ཕྱོགས་ཀྱི་རུས་ལྟར་བུ་མོའི་མིང་ལ་ལི་ཀོང་ཧྭ་རུ་བོས་ཤིང་། མའི་ཕྱོགས་ཀྱི་འདོད་པ་བཞིན་བོད་མིང་ལ་ཀླུ་མོ་ཞེས་བཏགས་པ་རེད།

        ཀླུ་མོ་ནི་ཁྱིམ་དེའི་བྱིས་པ་ཆེ་མགོ་ཡིན་ཞིང་། འབྱོར་འཁོས་ཞན་པའི་སྟབས་ཀྱིས་མོ་ལ་སྐྱེ་འཚར་གྱི་ཁོར་ཡུག་ལེགས་པོ་ཞིག་ལྡན་མ་ཐུབ་པར། སྐབས་དེའི་བྱིས་པ་ཕལ་བོ་ཆེ་དང་འདྲ་བར་དབུལ་ཕོངས་ཀྱི་འཚོ་བའི་ཁྲོད་ནས་ནར་སོན་པ་རེད། ལྷག་པར་དུ་སྐྱེས་མ་ཞིག་ཡིན་པའི་དབང་གིས་ཀ་ངོ་ཡིག་ངོ་རེ་ཨེ་ཆོད་ཀྱི་རེ་བ་ག་ནས་འཛིན་ཐུབ་སྟེ། བསམ་ཅུང་ཤེས་པ་ནས་བཟུང་ཕ་མར་ལས་རོགས་དང་། མིང་སྲིང་གཉོར་སྐྱོང་། ལུག་རྫི་ནོར་རྫི། ཆུ་ལེན་ཤིང་འཐུ་ཡི་ལས་ཀ་ལྷུར་བླངས་པ་རེད།

ཉིན་བཞིན་ཞོགས་པའི་ཉི་རྩེ་དང་ལྷན་དུ་སྡེ་བའི་ལུག་ཁྱུ་དེད་ཅིང་། སྟ་རེ་དང་ཁུར་ཐག་བཟུང་ནས་རི་མགོར་ལུག་འཚོ་བར་འགྲོ་དགོས་པ་དང་། བུད་ཤིང་རྒྱབ་ཁུར་ལོངས་པ་ཞིག་འཐུ་ཞོར་དུ་སྐད་སྙན་མོ་དབྱངས་ལ་བཀུག་སྟེ་གླུ་སྐད་སིང་སིང་གིས་ཁོར་ཡུག་གི་ལྷིང་འཇགས་དཀྲོག་རྒྱུ་ནི་འཚོ་བའི་སྤྱི་འགྲོས་སུ་གྱུར་ཡོད། མཚམས་རེར། ཉེ་འདབས་ཀྱི་སློབ་གྲྭ་དེ་བརྒྱུད་ནས་འགྲོ་དུས། ཡིད་སྨོན་གྱི་ཤུགས་རིང་རེ་རེ་ཤོར་མྱོང་ནའང་། རང་ཁྱིམ་གྱི་འབྱོར་བ་དང་གནས་བབ་ལ་བསམས་ན། དེ་ནི་གཏན་ནས་མི་སྲིད་པའི་སྟོང་སེམས་ཞིག་ སྟེ། ཁོ་མོ་དང་དཔག་ཚད་འབུམ་ཕྲག་གིས་ཆོད་པའི་འཕྲུལ་སྣང་གི་འཇིག་རྟེན་རང་རེད།

        སྤྱི་ལོ1952ལོའི་དབྱར་གཞུང་གི་ཉིན་མོ་ཞིག་ལ། མོས་སྔར་བཞིན་རི་མགོ་རུ་ལུག་འཚོ་བཞིན་གླུ་ལེན་གྱིན་ཡོད། ཏག་ཏག་སྐབས་དེར་རྒྱལ་ཁབ་ཀྱི་ལས་བྱེད་པ་འགའ་ཡིན་པར་འདོད་པའི་སྐྱ་མི་འགའ་གནས་དེ་བརྒྱུད་ནས་ཕར་འགྲོ་བཞིན་ཡོད། ཁོ་ཚོས་མོའི་གླུ་སྐད་ཐོས་རྗེས་འགྲོ་མཚམས་བཞག་ནས་ཚུར་ཡོང་སྟེ། མིང་ལ་ཅི་ཟེར་བ་དང་། སྡེ་བ་གང་གི་ཡིན་པ་སོགས་དྲིས་ཤིང་། མོས་ཀྱང་དེ་དག་ལ་གཅིག་གཅིག་གཉིས་གཉིས་བྱས་ནས་ཚུལ་ལྡན་སྒོས་ལན་བཏབ། དེའི་ཁྲོད་ཀྱི་རྒན་པ་ཞིག་གིས་ཁྱོད་རང་ང་ཚོ་དང་འགྲོགས་ཏེ་རྫོང་མཁར་དུ་རྒྱལ་ཁབ་ཀྱི་བྱ་བ་ལས་པར་འགྲོ་ཨེ་འདོད་ཅེས་བཤད་པར། མོས་སྐད་ཆ་དེ་རྩེད་མཚར་དུ་བཟུང་སྟེ། ངས་ཁྱིམ་ལས་ལས་དགོས་ཞེས་ལན་སྟབས་བདེ་ཞིག་གིས་འཐུས་པར་བྱས་ནས་ལུག་ཁྱུའི་རྗེས་སུ་བསྙེགས།

        དགོང་མོ་ཕྱིར་ལོག་དུས། ཁྱིམ་དུ་ཕ་རྒན་གྱིས་ཡར་སྔོན་གྱི་སྐྱ་མི་དེ་དག་དང་ཁ་བརྡ་གློད་པ་མཐོང་ཞིང་། མོ་སླེབས་པ་ན་ཨ་ཕས་མོ་ལ། མྱུར་དུ་བསྡུ་སོགས་རྒྱོབས། སང་ཉིན་ཁྱོད་རང་རྫོང་མཁར་དུ་ལས་བྱེད་པ་བྱེད་དུ་འགྲོ་དགོས་ཞེས་བཤད། མོ་རང་ཧ་ལས་ནས་ཅི་ཟེར། ད་སྔོན་བཤད་པ་དེ་བདེན་པ་ཡིན་ནམ། ང་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་བྱེད་དུ་འགྲོ་དགོས་སམ། མོ་སློབ་གྲྭར་ཉིན་གཅིག་ཀྱང་སོང་མ་མྱོང་བར་རྒྱལ་ཁབ་ཀྱི་ལས་ཀ་གང་ནས་བྱེད་ཐུབ་བམ། ཡང་གཅིག་བཤད་ན། ཨ་མ་སྔ་མོ་ནས་འདས་པ་དང་། མིང་སྲིང་རྣམས་ད་དུང་ལོ་ན་ཕྲ་བས། ང་སོང་ཤུལ་དུ་ཨ་ཕར་ལས་རོགས་སུས་བྱེད་དམ། དེ་དང་དེ་ལ་སོགས་པའི་དྲི་བ་མང་པོ་ཞིག་གློག་བརྙན་ཇི་བཞིན་མོའི་བསམ་གཞིག་གི་ཀློང་དུ་འཚང་ཁ་ཤིག་ཤིག་གིས་ཡོང་བ་ན། ཨ་ཕས་ཀྱང་དེ་རྟོགས་ནས། སེམས་ཚེགས་མ་བྱེད་པར་སོང་ཞིག ཡུལ་དུ་ད་དུང་ང་ཡོད་པ་མིན་ནམ་ཞེས་བཤད་དེ། རེ་བའི་མིག་གིས་ལྟ་ཞིང་སྐུལ་ལྕག་གི་འཛུམ་དཀར་ཕྱུང་བས། ད་ནི་རེ་དོགས་ཅི་ཡང་མེད་པའི་སྒོ་ནས། མཚན་མོ་དེར་དགོས་ངེས་ཀྱི་གྲ་སྒྲིག་ཚང་བར་བྱས་ནས་ཕྱི་ཉིན་ལས་བྱེད་རྣམས་དང་འགྲོགས་ཏེ་རྫོང་མཁར་དུ་བགྲོད་པའི་ལམ་དུ་ཞུགས།

        གཉིས་པ།

        སྤྱི་ལོ1952ལོའི་དབྱར་ཁར། ཡུལ་མི་སྤུན་ཟླ་དག་གི་རེ་བ་དང་མངགས་བཅོལ་འཁུར་ནས་མོ་ཐོག་དང་པོར་ཐུན་ཏེ་རྫོང་མཁར་དུ་འབྱོར་ཞིང་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སུ་ལས་བགོས་བྱས། སྐབས་དེར་མོ་ལ་སྐད་ཆའི་ཕྱོགས་ནས་དཀའ་ངལ་དེ་འདྲ་མེད་ནའང་། ཡི་གེའི་ཕྱོགས་ནས་བོད་ཡིག་ནི་མཐོང་མྱོང་བ་ཙམ་ལས་བསླབས་མྱོང་མེད་ལ། རྒྱ་ཡིག་ནི་མཐོང་ཡང་མ་མྱོང་བས་ བྱ་བའི་ཐད་དཀའ་ངལ་ཆེན་པོ་ཡོད་པ་ནི་སྨྲོས་མ་དགོས་པ་ཞིག་ཡིན་ཞིང་། བྱ་བའི་ཞོར་དུ་རིག་གནས་ཤིག་སློབ་གཉེར་བྱེད་རྒྱུ་ནི་མོ་ལ་མཚོན་ན་ཇི་འདྲའི་གལ་འགངས་ཆེ་བ་ཞིག་རེད་ཨང་།

        བཅིངས་འགྲོལ་བྱས་མ་ཐག་པའི་མི་རིགས་ས་ཁུལ་དུ་མི་རིགས་ཀྱི་ལས་བྱེད་པའི་དཔུང་སྡེ་ཞིག་ཅིས་ཀྱང་གསོ་སྐྱོང་བྱེད་དགོས་པའི་ལོ་རྒྱུས་ཀྱི་དགོས་མཁོ་ལ་བརྟེན། རྫོང་གི་མགོ་ཁྲིད་ཀྱིས་ན་གཞོན་ལས་བྱེད་པ་སྐོར་ཞིག་ཞིང་ཆེན་དུ་ཟབ་སྦྱོང་བྱེད་པར་མངག་རྒྱུའི་ཐག་གཅོད་བྱས་པ་ལྟར། མོར་ཡང་ཞིང་ཆེན་དུ་ཟབ་སྦྱོང་ལ་འགྲོ་རྒྱུའི་སྐལ་བ་ལྡན་པར་གྱུར། འགྲོ་ཁར་རྫོང་ཨུའི་མགོ་ཁྲིད་ལགས་ཀྱིས་བྱམས་བརྩེའི་ངག་གིས། ཁྱོད་ནི་རང་རེའི་རྫོང་གིས་ཞིང་ཆེན་དུ་སློབ་གཉེར་ལ་མངགས་པའི་མི་རིགས་ཀྱི་ལས་བྱེད་པ་ཐོག་མ་ཡིན་པས། གོ་སྐབས་བཟང་བོ་འདི་དམ་འཛིན་བྱེད་དགོས་ཤིང་། ཕ་ཡུལ་ལ་གཟི་བརྗིད་དང་ལ་རྒྱ་སྣོན་དགོས་ཞེས་སྐུལ་མ་གནང་། ངོ་མ། སྔོན་ཆད་རྫོང་མཁར་ཡང་རིག་མྱོང་མེད་པའི་ཞིང་གྲོང་གི་བུ་མོ་ཞིག་ཞིང་ཆེན་དུ་སློབ་གཉེར་ལ་འགྲོ་ཐུབ་པ་ནི་ཅིས་ཀྱང་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད་ཨང་། རྫོང་གིས་ཐེངས་འདིའི་ལས་བྱེད་གསོ་སྦྱོང་གི་བྱ་བ་དེར་མཐོང་ཆེན་བྱས་ཏེ། འགྲིམ་འགྲུལ་གྱི་ཆ་རྐྱེན་ཤིན་ཏུ་ཞན་ནའང་དམག་དཔུང་འཛིན་གྲྭ་གཅིག་གི་སྐྱེལ་མ་དང་བཅས། ཐམས་ཅད་བཞོན་པ་ལ་བརྟེན་ནས་ཞིང་ཆེན་དུ་བགྲོད་པའི་ལམ་སྣེ་བཟུང་།

        གསུམ་པ།

        ཉིན་བདུན་རིང་གི་འགྲུལ་བཞུད་ཀྱི་དཀའ་སྤྱད་ལ་བརྟེན་ནས་མོ་སོགས་གནའ་མཁར་ཟི་ལིང་དུ་བསླེབས། གྲོང་ཁྱེར་ཡིན་ནའང་བཅིང་འགྲོལ་བྱས་ནས་ཡུན་རིང་མ་འགོར་བའི་དབང་གིས་རྒྱས་ཤོམ་གྱི་ལང་ཚོ་ཡོངས་སུ་རྫོགས་མེད་ཀྱང་། འདུ་འཛིའི་ཡོ་ལང་ཀུན་ནས་འཁྲིགས་ཡོད་པ་སྨོས་མེད་རེད། ཕ་ཡུལ་གྱི་རི་གྲོང་ལས་གཞན་དུ་འདི་ལྟ་བུའི་འཇིག་རྟེན་ཞིག་དང་། འདི་ལྟ་བུའི་ཞིང་ཁམས་ཤིག་ཡོད་པ་མཐོང་བས། མོ་ལ་ཡོད་ཚད་ཆ་མེད་དང་རྒྱུས་མེད། གསར་བ་དང་ཡ་མཚན་ཡིན་པའི་སྣང་བ་སྐྱེས། ལྷག་པར་དུ་བློ་ཡུལ་ལས་འགོངས་ཤིང་སྤྲོ་སྣང་སྟེར་བ་ཞིག་ནི་སྒྲ་སྡུད་འཁོར་ལོ་ཟེར་བའི་དངོས་པོ་སྟེ། ཤིང་ལས་གྲུབ་པའི་སྒམ་ཆུང་སྙིང་རྗེ་དེའི་ནང་ནས། སྐད་ཆ་བརྗོད་པ་དང་གླུ་དབྱངས་ལེན་པ་སྟེ། ཀུན་ནས་ཡངས་པའི་ངག་སྒོ་དང་། འབབ་ཆུ་བཞུར་འདྲའི་སྨྲ་བརྗོད། བརྩེ་བས་གཏམས་པའི་སྐད་གདངས། སྙན་ཞིང་འཇེབས་པའི་གླུ་སྒྲ། དེ་དང་དེ་དག་གིས་རེ་ཞིག་མོ་ཧ་ལས་པར་བྱས་ཤིང་ཡིད་ཀྱི་བརྟན་པ་ཀུན་ནས་འཕྲོགས་པར་གྱུར།

        རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཀླུ་མོ་ལགས«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་གིས་བསྒྲུབས་པའི་མི་རིགས་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་བགོས། སྐབས་དེའི«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་དུ་བོད་ཡིག་གི་རྨང་གཞི་ལེགས་པའི་མཁས་དབང་མང་པོ་བཞུགས་ཤིང་། ལྷག་པར་དུ་བོད་ཡིག་ཚགས་པར་འདིའི་ཐོག་མའི་ཤིང་རྟ་བ་སྟེ། ཞིང་ཆེན་རིག་གནས་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཨ་ཁུ་གསུང་རབ་རྒྱ་མཚོ་ལགས་བཞུགས་པ་དང་། ཁོང་སྐུ་དངོས་ཀྱིས་ཟབ་སྦྱོང་འཛིན་གྲྭ་འདིར་ཐུགས་འགན་བཞེས་ཏེ། ང་ཚོ་འབྲོག་ཁུལ་ནས་ཐོན་པའི་སློབ་མ་རྣམས་ལ། ཁོང་སོགས་དགེ་རྒན་རྣམ་པས་ལྷག་བསམ་རྣམ་དག་གིས་གང་ལ་གང་འཚམ་སྒོས་ཤེས་ཡོན་ནོར་བུའི་བགོ་སྐལ་ཕངས་མེད་དུ་བཀྲམས་ཏེ། རྩ་བ་དང་ཡན་ལག་གི་ཡོན་ཏན་སྣ་ཚོགས་འབྱོར་དུ་བཅུག་ཅིང་། སོ་སོའི་ཁྱད་ཆོས་དང་འཚམ་པར་རང་གི་ངོས་སྐལ་གྱི་བྱ་གཞག་ལེགས་པར་སྒྲུབ་ནུས་པའི་སྐལ་ལྡན་དུ་གྱུར།

        ལོ་དེ་ནི་ཞིང་ཆེན་གྱིས་མི་རིགས་གསར་འགྱུར་དྲིལ་སྒྲོག་བྱ་བར་མཐོང་ཆེན་བླ་ལྷག་བྱེད་པའི་ལོ་ཞིག་སྟེ། ཏག་ཏག་ལོ་དེ་ལ«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་བཙུགས་པ་དང་། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་རྒྱང་སྒྲོག་གཏོང་མགོ་ཚུགས་ཏེ། བོད་སྐད་ཀྱི་ལམ་ནས་ཏང་གི་མི་རིགས་སྲིད་ཇུས་དང་ཞིང་ཆེན་ཡོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་དེ་རྒྱ་ཆེའི་མང་ཚོགས་ཀྱི་སྙན་ལམ་དུ་འབུལ་བར་འབད་པའི་དུས་སྐབས་ཤིག་རེད། སྐབས་དེ་དུས་སུ། བོད་སྐད་རླུང་འཕྲིན་ནི་ཐོག་མའི་གྱལ་ཙེ་གོམ་ཙེའི་གནས་སྐབས་སུ་ཡོད་པ་སྟེ། ལེ་ཚན་ལ་གཏན་འཁེལ་མེད་པ་དང་། སྙན་སྒྲོན་པ་དང་རྩོམ་སྒྲིག་པ་ཤིན་ཏུ་ཉུང་བའི་སྟབས་ཀྱིས«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་གི་ལས་གྲོགས་ཚོས་རྩོམ་སྒྲིག་དང་སྙན་སྒྲོན་གྱི་འགན་གཅིག་ལྕོགས་སུ་འཁུར་བཞིན་ཡོད། ཏག་ཏག་སྐབས་དེ་ནི་མོའི་ཟབ་སྦྱོང་གི་དུས་ཡུན་མཇུག་བསྒྲིལ་ནས་སློབ་མཐར་ཕྱིན་ལ་ཉེ་བའི་དུས་ཡིན་ཞིང་། བོད་སྐད་རླུང་འཕྲིན་གྱི་བྱ་གཞག་གོང་དུ་སྤེལ་ཆེད་རླུང་འཕྲིན་ཁང་གིས་ཐེངས་དེའི་གྲངས་ཉུང་མི་རིགས་ཟབ་སྦྱོང་འཛིན་གྲྭ་ནས་མི་སྣ་བསྡུ་རུབ་ཀྱི་གྲོས་འཆར་ལག་ཏུ་བསྟར་བཞིན་པའི་སྒང་རེད། ལས་དང་ཐོད་པའི་ཁ་ཡིག་དེ་ལྟར་འཕྲོད་ཅིང་། དུས་དང་སྐལ་བ་བཟང་བོ་དེ་ལྟར་འགྲིགས་ཏེ། སློབ་མཐར་ཕྱིན་པ་དང་མཉམ་དུ་མོ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་འདེམས་སྒྲུག་བྱས་ཏེ། ཞིང་ཆེན་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྙན་སྒྲོན་པའི་ཚན་ཆུང་དུ་བླངས་པ་རེད།

        མོ་རང་སེམས་ཀྱི་སྟེང་དང་སྙིང་གི་དབུས་ནས་རླུང་འཕྲིན་སྙན་སྒྲོན་གྱི་བྱ་བར་དགའ་བའི་ཁར་འདི་འདྲའི་གོ་སྐབས་བཟང་པོ་ཞིག་ཐོབ་པས། མོ་ལ་སྔར་མེད་ཀྱི་དགའ་བ་འཕེལ་ཅིང་། མཚོན་མེད་ཀྱི་སྤྲོ་བས་བརྟས། དེ་ནས་བཟུང་སྟེ། མོ་ཡང་སྒྲ་སྡུད་འཁོར་ལོ་ཟེར་བའི་སྒམ་ཆུང་དེའི་ནང་དུ་འཛུལ་ནས། སྙན་སྒྲོན་གྱི་འཚོ་བ་དེར་རང་གི་མི་ལོ་བཞི་བཅུའི་དུས་ཡུན་གྱི་ལང་ཚོ་བསྟིམ་ཕོད་པའི་ཡིད་ཆེས་དང་སྒུལ་ཤུགས་རྙེད་ལ། མཚོ་སྔོན་ཞིང་ཆེན་གྱི་བོད་སྐད་ཀྱི་ཆེས་ཐོག་མའི་བུད་མེད་སྙན་སྒྲོན་པར་གྱུར།

        བཞི་པ།

        རླུང་འཕྲིན་ལས་ཁུངས་སུ་ཐོག་མར་ཡོང་དུས། བོད་སྐད་རླུང་འཕྲིན་ཟུར་དུ་ཚུགས་མེད་པར་གཟའ་འཁོར་རེར་ཐེངས་དྲུག་རེར་གཏོང་བ་ཡིན་ལ། གཏོང་ཐེངས་རེར་དུས་ཡུན་སྐར་མ་ཉི་ཤུ་རེ་ཡོད་པ་སྟེ། རྒྱ་སྐད་ལེ་ཚན་གྱི་བར་གསེང་ནས་གཏོང་བ་ཞིག་རེད། སྐབས་དེར་བོད་སྐད་སྙན་སྒྲོན་དེ་གཙོ་བོ«མཚོ་སྔོན་བོད་ཡིག་གསར་འགྱུར»ཁང་གི་ཀྲུའུ་རིན་རྣམ་གཉིས་དང་། ཨ་ཁུ་གསུང་རབ་རྒྱ་མཚོ་མཆོག་གདན་དྲངས་ཏེ་སྙན་སྒྲོན་བྱེད་པའི་ཐབས་ལ་བརྟེན་བཞིན་ཡོད། གསུང་རབ་རྒྱ་མཚོ་མཆོག་ནི་ལས་དང་པོ་བར་ཐུགས་འཁུར་ བླ་མེད་གནང་མཁན་ཞིག་ཡིན་ཏེ། ཆེ་བ་བསྒྲོན་བྱའི་ཡི་གེའི་མ་ཟིན་ནས་ཆུང་བ་ཚིག་གི་སྦྱོར་བའི་ཚུན་ཆད་ལ་སྐུ་དངོས་ཀྱིས་ཡང་ཡང་དག་བཅོས་གནང་བ་དང་། ལྷག་པར་དུ། སྙན་སྒྲོན་པར་རེ་བ་ནན་མོ་བཟུང་སྟེ་བརྩེ་བས་སློབ་སྟོན་གནང་མཁན་ཞིག་ཡིན། ཀླུ་མོ་ལགས་ལ་མཚོན་ན། བགྲང་བྱ་གཅིག་གི་དུས་ཡུན་དུ་ཟབ་སྦྱོང་བྱས་པ་ཙམ་ཡིན་པས་སྐབས་དེར་ཤེས་ཡོན་གྱི་ཆུ་ཚད་མཐོན་པོ་མེད་པ་དང་། ལྷན་སྐྱེས་ཀྱི་སྨྲ་བརྗོད་ལས་གཞན་སྙན་སྒྲོན་གྱི་བྱ་བར་ཧ་ཅང་རྒྱུས་མེད་ཡིན། ཨ་ཁུ་ཁོང་གིས་མོར་མ་ཟིན་ལ་གོ་བ་ལེན་སྟངས་ནས་སྒྲ་གདངས་ཀྱི་ལྕི་ཡང་འགྱུར་ཚུལ་དང་། དབུགས་ཀྱི་གཏོང་ལེན། ངལ་གསོའི་ཚིག་མཚམས་སོགས་སྣ་སྒོ་མོ་ནས་རྒྱུན་དུ་མན་ངག་གི་བཅུད་ཕྱུངས་ཏེ། དམར་ཁྲིད་དང་མྱོང་ཁྲིད་བྱས་པས་མོར་ཕན་སྐྱེད་བླ་ན་མེད་པ་ཐོབ།

        གཞན་ཡང་། སྤྱི་ལོ1954ལོའི་རྒྱ་ལོའི་བཅོ་ལྔ་ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་སྐུ་འབུམ་བྱམས་པ་གླིང་དུ་མེ་ཏོག་མཆོད་པའི་ཆོ་ག་བསྟར་བ་ཡུལ་དངོས་སུ་ཐད་གཏོང་བྱས། ཀླུ་མོ་ལགས་ལ་མཚོན་ན། དེའི་སྔོན་དུ་སྤྱིར་བཏང་གི་གསར་འགྱུར་སྙན་སྒྲོན་བྱས་པ་ཙམ་ལས། ཡུལ་དངོས་ཀྱི་ཐད་གཏོང་ཞིག་རྩ་བ་ནས་བྱས་མྱོང་མེད་པའི་ཁར། ཁྲོམ་ཚོགས་རྒྱ་མཚོའི་རྔམ་ཟིལ་གྱིས། འཇིགས་ཤིང་སྐྲག་ལ་དངངས་ཤིང་འཚབ་པའི་ཚེ། ཨ་ཁུ་ཁོང་གིས་སྙིང་ཕུར་བརྡབས་ནས། འདི་འདྲའི་ཡུལ་དངོས་ཀྱི་སྙན་སྒྲོན་ཞིག་ཁྱོད་རང་ལྟ་ཅི་ང་ཡང་ཐོག་མ་ཡིན་པས། མི་འཚབ་པ་ཅི་ལ་སྲིད། ཡིན་ནའང་འཇིག་རྟེན་གྱི་བྱ་བ་ཀུན་ལ་ཐོག་མའི་དུས་རིམ་ཞིག་ངེས་པར་ཡོད་པ་བཞིན། ཐེངས་འདིའི་སྦྱོང་བརྡར་འདི་བརྒྱུད་ཐུབ་ཚེ། ཡང་ཤེས་རབ་གཅིག་དང་ཉམས་མྱོང་གཅིག་གོང་དུ་འཕེལ་ངེས་ཡིན། ཁྱོད་ཀྱིས་ནམ་རྒྱུན་སྙན་སྒྲོན་བྱས་པ་ཤིན་ཏུ་བཟང་། ད་རེས་ཀྱང་ལས་འགན་འདི་བདེ་བླག་ངང་འགྲུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་གསུངས་པས། ཐེངས་དེའི་ལས་འགན་ཅུང་བདེ་ལེགས་ངང་འགྲུབ་སོང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ཉིན་དེར་གལ་ཏེ་ཨ་ཁུ་ཁོང་གི་བསླབ་བྱ་དང་སྐུལ་ལྕག་མེད་པ་ཡིན་ན་ཇི་འདྲ་ཞིག་ཏུ་འགྱུར་སྲིད་དམ། དེ་བས། གནད་འགག་གི་སྐབས་སུ་མི་ཞིག་གི་རྒྱབ་སྐྱོར་དང་ཡིད་ཆེས། སྙིང་ཕུར་དང་སྐུལ་ལྕག་ནི་ཇི་འདྲའི་གལ་ཆེན་རེད་ཨང་ཟེར།

        བགྲང་བྱ་མང་པོའི་སྙན་སྒྲོན་གྱི་ལག་ལེན་བརྒྱུད་ནས། མོ་ལ་སྦྱོང་བརྡར་ཐོབ་སོང་། ལག་ལེན་གྱི་དངོས་སྦྱོང་ལས་མོ་ཡང་ཉམས་མྱོང་གི་གཏེར་དུ་གྲུབ་པའི་སྙན་སྒྲོན་པ་ཚད་ལྡན་ཞིག་ཏུ་གྱུར། 1958ལོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་དེ་སྔོན་ཆད་ཀྱི་གནས་རྙིང་བ་ནས་གནས་གསར་པར་སྤོས་ཤིང་། རླུང་འཕྲིན་གྱི་ཐོག་ཁང་དང་། ཆེས་སྔོན་ཐོན་གྱི་སྒྲིག་ཆས་ཚང་བའི་ཁར། བོད་སྐད་རླུང་འཕྲིན་ཡང་རྒྱ་སྐད་ལས་ལོགས་སུ་བཙུགས་པ་དང་། ནང་དོན་གྱི་ཆ་ནས་ཀྱང་། སྔོན་ཆད་ཀྱི་གསར་འགྱུར་དང་རིག་རྩལ་གྱི་ལེ་ཚན་ཉུང་ངུ་ཙམ་ནས་ལེ་ཚན་སྣ་མང་དང་ནང་དོན་ཀུན་འཛོམས་སུ་འཕེལ་ཏེ། རིམ་བཞིན་མ་ལག་ཚང་བའི་བོད་སྐད་ལེ་ཚན་གྱི་སྒྲོམ་གཞི་གསར་བ་ཞིག་ཆགས་པར་གྱུར། དེ་བཞིན་སྙན་སྒྲོན་པའི་སྡེ་ཡང་རྒྱ་བསྐྱེད་དེ་ཕོ་མོས་ཕྱེས་པའི་སྙན་སྒྲོན་པ་འགའ་ཡང་ཡོད་པར་གྱུར། དེ་བས། མོ་སོགས་ཐམས་ཅད་ལ་ཡིད་ཆེས་ཀྱི་སྟོབས་རྒྱས་ཤིང་གསོན་ཤུགས་ཀྱི་དཔལ་གྲུབ་སྟེ། བློ་རྩེ་གཅིག་དང་དམིགས་པ་གཅིག་གིས་བོད་སྐད་སྙན་སྒྲོན་གྱི་མ་འོངས་པའི་འཛུམ་ཞལ་ལ་རེ་སྒུག་དང་། ཕྲག་སྟེང་གི་བྱ་གཞག་ལ་དགའ་བ་དང་གཟི་བརྗིད་དུ་སྒོམ་བཞིན་ཡོད། ཡིན་ནའང་། ཉི་འོད་ལམ་ལམ་དུ་འཕྲོ་བའི་སྐབས་དེར་སྤྲིན་ནག་གིས་སྐེ་སོ་བྱེད་བཞིན་པ་སུ་ཞིག་གིས་སྔོན་དཔག་བྱེད་ཐུབ་སྟེ། ལོ་རབས་ལྔ་བཅུ་བའི་དུས་མཇུག་ཏུ། ཆབ་སྲིད་ཀྱི་ལས་འགུལ་ཤྭ་འོད་བཞིན་བརྡོལ་ཏེ། སྙན་སྒྲོན་པ་ཁག་ཅིག་ཕ་ཡུལ་དུ་སྤྱུགས་པ་དང་། སྐོར་ཞིག་གི་ལས་གནས་བརྗེས་པ་སོགས་བྱས་པས། སྐབས་དེར་བོད་སྐད་སྙན་སྒྲོན་པའི་སྡེ་རུ་མོ་དང་དགེ་ལེགས(ཆེས་ཐོག་མའི་སྐྱེས་པའི་སྙན་སྒྲོན་པ་རྒན་གྲས་ཤིག)མ་གཏོགས་སུ་ཡང་མ་ལྷག ཟིང་ལོང་གི་དུས་རབས་སུ་སུས་ཀྱང་རང་ཉིད་ཀྱི་སང་ཉིན་ལ་སེམས་ཁྲལ་བྱེད་པ་སྟེ། མོས་ཀྱང་སྙན་སྒྲོན་གྱི་ལས་ཀ་དེ་ནན་ཏན་གྱིས་སྒྲུབ་པའི་ཞོར་དུ། སེམས་ཀྱི་གཏིང་རིམ་ནས་ལས་དབང་གིས་རང་ཉིད་ལ་དང་ལེན་བྱེད་དཀའ་བའི་ཀུ་རེ་ཞིག་བརྩེ་མི་ཡོང་ངམ་སྙམ་པའི་འཇིགས་སྐྲག་དང་དོགས་སྣང་ཞིག་སྐྱེས། གང་ཡིན་ཞེ་ན་སྐྱེས་ཁོངས་ཀྱི་དབང་གིས། ཏང་ཀྲི་པུའི་ཚོགས་ཆེན་གྱི་གྲོས་བསྡུར་བརྒྱུད་ནས་ཁོ་མོ་ཏང་ནང་དུ་ལེན་རྒྱུའི་ཐག་གཅོད་དེ་ཡང་ཕྱིར་འཐེན་བྱས། དེ་ནི་མོ་ལོ་ཉི་ཤུའི་ནང་གི་བུ་མོ་ཞིག་ལ་མཚོན་ན་ཇི་འདྲའི་བཟོད་མི་ཐུབ་པའི་མནར་གཅོད་ཅིག་རེད་ཨང་། དེ་ནི་བཀྲ་མི་ཤིས་པའི་ཆག་སྒོ་ཞིག་གི་སྔོན་བརྡ་དང་ཉེན་བརྡ་མིན་པའི་ངེས་པའང་ག་ལ་ཡོད། ཡིན་ནའང་། སྤྱིའི་ཆ་ནས་མོ་ནི་ལས་ངན་ནང་གི་ལས་ཅན་ཞིག་ཡིན་ཏེ། སྙན་སྒྲོན་པ་ཕལ་ཆེ་བ་རང་སར་ཐོར་ཚར་ན་ཡང་། མོ་སྔར་བཞིན་རང་གནས་སུ་འདུག་ཐུབ་པ་བྱུང་སྟེ་སྙན་སྒྲོན་གྱི་འཕྲིན་ལས་ལ་བར་ཆད་བྱུང་མ་སོང་། སྐབས་དེ་དག་ཏུ་སྐྱེ་ཡུལ་ཡན་ཨན་ནས་ཡིན་པའི་ལས་བྱེད་པ་རྒན་གྲས་ཏེ། རླུང་འཕྲིན་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ལིག་ཨན་ལགས་ཀྱིས་ཟོལ་མེད་ཀྱི་སེམས་གསོ་གནང་བ་དང་། ཁྲའོ་ཞན་གྱི་གཡུལ་ས་ནས་ཕྱིར་ཕེབས་པའི་འཐབ་མོ་བ་རྒན་པ་ཨ་ཅེ་ཧུ་ཀོང་གིས་བླ་མེད་ཀྱི་གཟིགས་སྐྱོང་གནང་། དེ་དང་དེ་ལ་སོགས་པའི་ཉེ་འཁོར་གྱི་རྒན་རབས་རྣམས་ཀྱི་ཟོལ་མེད་ཀྱི་རྒྱབ་སྐྱོར་ལས། མོས་བྱ་བའི་བརྩོན་སེམས་ལ་རྒྱབ་རྟེན་གྱི་བྲག་རི་རྙེད་ཅིང་། དེ་ནས་བཟུང་སྟེ་སྡུག་ཡུས་དང་འཁང་ར་མེད་པར། སྒྱིད་ལུག་དང་རྣམ་གཡེང་བྲལ་ནས་བློ་སེམས་རྩེ་གཅིག་གིས་རང་ཉིད་ཀྱི་ལས་འགན་བསྒྲུབས་པའི་གོམས་གཤིས་བསྐྱངས།

        ལོ་ངོ་བཅུའི་ཟིང་ལོང་གི་སྐབས་སུ་ཡང་། རང་ཉིད་ཀྱི་ཁྱིམ་མི་དང་རང་ཉིད་ཀྱི་ཚེ་སྲོག་ལྟར་གཅེས་པའི་སྙན་སྒྲོན་གྱི་ལས་ཀ་དང་ཁ་འབྲལ་མ་དགོས་པར། མོའི་སྙན་ཞིང་འཇེབས་ལ། དག་ཅིང་གསལ་བའི་སྙན་སྒྲོན་གྱི་སྒྲ་དབྱངས་དེ་སྐུད་མེད་གློག་གི་རླབས་ཕྲེང་ལ་བརྟེན་ནས་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་ཁྱབ།

        ཞིང་པའི་ཁྱིམ་ཚང་ནས་སྐྱེས་པ་ཡིན་པས། འཚོ་བའི་ཐད་ཀྱི་འགན་འཁྲི་ཇི་འདྲའི་ལྕི་བ་དང་། བུ་ཕྲུག་མང་བའི་སྟབས་ཀྱིས་གསོ་འགེབས་གཉོར་སྐྱོང་གི་དཀའ་ཉོག་ཇི་འདྲའི་ཆེ་ནའང་། མོས་རང་གི་ལས་ཀར་ལྷོད་གཡེང་དང་སླ་བཅོས་གཏན་ནས་བྱས་མ་མྱོང་ཞིང་། གོང་རིམ་དང་མང་ཚོགས་གཏན་ནས་བསླུས་མ་མྱོང་བར་ཉིན་ཐོག་ཟླ་རྩེག་དང་ཟླ་ཐོག་ལོ་རྩེག་གིས་སྙན་སྒྲོན་གྱི་ལས་ཀ་ཞིབ་ཚགས་ཀྱིས་བསྒྲུབས་ཤིང་། མ་ཕྱིའི་ཡིག་འབྲུ་རེ་རེ་སེམས་ཀྱིས་སྐྱོར་བས། སྙན་སྒྲོན་ཐད་ཀྱི་ཉམས་མྱོང་རེ་རེ་དང་རྟོགས་པ་རེ་རེ་ལས་ཀའི་ཁྲོད་ནས་འཁྲུངས་ཏེ། ནུས་རྩལ་སྣ་མང་ལ་བྱང་ཆ་ཐོབ་ཅིང་ཐབས་ལམ་སྣ་མང་ལ་ནང་བྱན་ཆུད།

        དེ་དང་དུས་མཚུངས་སུ། ཨ་མ་ཞིག་གི་འགན་འཁྲི་དང་དུ་བླངས་ཏེ་བུ་ཕྲུག་གཉོར་སྐྱོང་དང་གོ་བསྐོན་སློབ་གསོ་བཏང་སྟེ་ཁོ་ཚོ་རེ་རེ་བཞིན་བརྩེ་བས་བསྐྱངས་ཤིང་སེམས་ཀྱིས་གཉོར་བ་དང་། བྱ་བའི་རྐྱེན་གྱིས་ཁྱིམ་ཚང་མ་བཏང་ཞིང་། ཁྱིམ་ཚང་གི་དབང་གིས་བྱ་བ་མ་ཤོར་བའི་ལས་ཁུངས་ཀྱི་སྙན་སྒྲོན་པ་ཕུལ་བྱུང་ཞིག་དང་ཁྱིམ་ཚང་གི་ཨ་མ་མཛངས་མ་ཞིག་ཏུ་གྱུར།

        མོས་རྒྱུན་དུ་འདི་ལྟར་བསམ་བློ་གཏོང་བཞིན་ཡོད་དེ། མོའི་མི་ཚེའི་བཟང་སྒང་དེ་ཕལ་ཆེར་ཆབ་སྲིད་ཀྱི་ཡོ་ལང་ཁྲོད་ནས་ཟད་ནའང་སྙན་སྒྲོན་གྱི་ལས་སྐལ་དེ་གཏན་ནས་ཤོར་མ་མྱོང་། རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། རང་ཉིད་ཀྱི་ལས་སྐལ་དག་པས་ཡིན་ནམ། ཡང་ན་རང་ཉིད་ནི་སྐབས་དེའི་སྙན་སྒྲོན་པའི་སྡེ་ཡི་བུད་མེད་གཅིག་པུ་དེ་ཡིན་པས། མགོ་ཁྲིད་དང་ལས་གྲོགས་དག་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་ཡིན་ནམ། ཁོང་ཅག་གིས་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་ཡིན་ན་ནི། དེ་རིང་ངས་འདི་ནས་བསམ་པ་རྣམ་དག་གི་སྒོ་ནས། ཀུན་སློང་ལྷད་མེད་ཀྱི་ངོས་ནས། ང་ལ་ཐུགས་བརྩེ་དང་རོགས་རམ་གནང་མཁན་ཀུན་ལ་སྐུ་དྲིན་ཆེ་ཞུས་པ་ཡིན། ཁྱེད་ཅག་གི་དྲིན་གྱིས་ངས་མི་ཚེ་གང་བོར་ལས་ཀ་འདི་གཉེར་ཐུབ་པ་བྱུང་སོང་ཞེས་གསུངས་བྱུང་།

        ལྔ་པ།

        ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པ་ནས་བཟུང་། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་བྱ་གཞག་ཀྱང་བཅོས་བསྒྱུར་སྒོ་འབྱེད་ཀྱི་རླབས་ཕྲེང་དང་བསྡོངས་ཏེ་ཇེ་ལེགས་ནས་ཇེ་ལེགས་ཀྱི་ལམ་དུ་བསྐྱོད་པའི་བསྐལ་བཟང་ཤར། སྐབས་དེར་རྒན་ཀླུ་མོ་ལགས་ཀྱང་སྙན་སྒྲོན་པའི་ཀྲུའུ་རིན་དུ་བསྐོས་ཤིང་། མོར་འཇོན་ཐང་འདོན་སྤེལ་གྱི་གོ་སྐབས་མང་པོ་ཡོད་པར་གྱུར། རྔུལ་ཆུའི་ཐིགས་པར་བརྒྱུས་པའི་ཤེས་རབ་ཀྱི་གསེར་ཞུན་རེ་རེ་བོད་སྐད་སྙན་སྒྲོན་གྱི་བྱ་གཞག་ལ་བསྟིམས་པའི་ཞོར་དུ། གཞོན་སྐྱེས་སྙན་སྒྲོན་པ་མང་པོ་གསོ་སྐྱོང་བྱེད་པའི་འགན་འཁྲི་ཡང་མོའི་ཕྲག་ཏུ་བབས་པས། ད་ནི་ཨ་ཁུ་གསུང་རབ་རྒྱ་མཚོ་སོགས་དམ་པ་གོང་མ་དག་གི་ཞལ་ནས་བརྒྱུད་པའི་སློབ་སྟོན་གསེར་ནག་གི་རིལ་བུ་དག་དང་། རང་ཉིད་ཀྱི་མི་ཚེ་གང་བོའི་དཀའ་སྤྱད་ལས་བྱུང་བའི་ཉམས་མྱོང་གི་བདུད་རྩི་རྣམས་ཀྱང་། མཚོ་ལ་ཁ་བ་འཐིམས་པ་བཞིན་རང་སྐྱེས་རང་སྐམ་དུ་འགྲོ་བའི་སེམས་ཁྲལ་ག་ལ་དགོས། མོས་མི་ཚེ་གང་བོར་རི་རབ་སྒུལ་ཞིང་རྒྱ་མཚོ་སྐྱོམ་པ་ལྟ་བུའི་རླབས་ཆེན་གྱི་བྱ་གཞག་འདི་བསྒྲུབས་མྱོང་ཞེས་པ་ཞིག་བརྗོད་དུ་མེད་ནའང་། ཏང་གི་གསར་འགྱུར་སྒྲོག་སྤེལ་གྱི་བྱ་གཞག་གི་སླད་དུ། མི་ལོ་བཞི་བཅུའི་རིང་ལ་རང་ཉིད་ཀྱི་མི་ཚེ་ཕུལ་ཏེ། ས་གནས་ཀྱི་འཕེལ་རྒྱས་ཐད་རང་ནུས་གང་ཡོད་བཏོན་ཡོད་པས། ཉན་མཁན་ཁྲི་ཕྲག་གི་གདེང་འཇོག་དང་དགའ་བསུ་ཐོབ་ཡོད་པ་དང་། ཉན་མཁན་རྣམས་ཀྱི་སེམས་ཁོང་ནས་བརྡོལ་བའི་བསྔགས་བརྗོད་ཀྱི་འཕྲིན་ཡིག་རེ་རེ་དང་། ལམ་ཐག་གི་ངལ་བར་མ་འཛེམས་པར་ཆེད་དུ་ཐུགས་འཕྲད་དུ་ཡོང་བའི་ངོ་གདོང་རེ་རེ་མཐོང་དུས། མོའི་བློ་སེམས་བདེ་བྱུང་། ཡིད་འགུལ་ཐེབས་སོང་། སྙན་སྒྲོན་པ་ཆེས་ཕལ་བ་དང་དཀྱུས་མ་ཞིག་ལ་དེ་ལྟ་བུའི་ཁས་ལེན་དང་གདེང་འཇོག་ཐོབ་ན། དེ་ལས་ལྷག་པའི་ལེགས་སྐྱེས་ཤིག་དང་། དེ་ལས་ལྷག་པའི་སེམས་གསོ་ཞིག་ཅི་ལ་དགོས།

        མོ་ནི་ལུག་རྫི་ནས་ལས་བྱེད་པར་གྱུར་པའི་སྐུ་བསོད་ཅན་ཆེས་ཐོག་མ་དེ་ཡིན་ལ། ཐུན་ཏེ་རྫོང་ནས་ཞིང་ཆེན་ལ་མངགས་པའི་སློབ་གཉེར་པ་ཆེས་ཐོག་མ་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་བུད་མེད་སྙན་སྒྲོན་པའམ་ཏང་གི་གསར་འགྱུར་གྱི་བྱ་བ་སྒྲུབ་མཁན་ཆེས་ཐོག་མའི་གྲས་ཀྱང་ཡིན། འདི་ལྟ་བུའི་ཐོག་མ་གསུམ་གྱི་མི་ཚེའི་བཀོད་སྒྲིག་འདིས་མོར་བླ་ན་མེད་པའི་སེམས་གསོ་དང་བདེ་སྣང་ཞིག་སྟེར་བཞིན་མཆིས་ཤིང་། དེ་ལས་ཀྱང་དགའ་ཞིང་ངོམ་རིན་ཡོད་པ་ནི། མོའི་བུ་ཕྲུག་གི་ཁྲོད་དུའང་གསར་འགྱུར་བྱ་བ་སྒྲུབ་མཁན་གྱི་རྒྱུན་འཛིན་པ་བྱུང་ཡོད། འདི་དག་ལ་བསམས་ཤིང་བསམས་ན། རྒན་ཀླུ་མོ་ལགས་ཀྱི་སེམས་སུ་དེ་བས་ཀྱང་སྤྲོ་སྐྱིད་མི་འཕེལ་ཅི་ལ་སྲིད་ཨང་། །