སྤྱི་བདེ་པུའི་དྲན་སྐུལ་གལ་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-19   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

     སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་མགོ་ཚུགས་པ་ནས་བཟུང་། ས་གནས་ཁག་སོ་སོའི་འགྲུལ་པ་ཇེ་མང་དང་ལྷག་པར་དུ་གཞུང་ལམ་གཙོ་བོའི་འགྲུལ་པ་ཆེས་ཆེར་ཇེ་མང་དུ་ཕྱིན་ཞིང་། མི་མངོན་པའི་འགྲིམ་འགྲུལ་གྱི་ཉེན་ཁ་ཡང་དེ་དང་ཆབས་ཅིག་ཇེ་མང་དུ་ཕྱིན་ཡོད་པ་རེད། སྤྱི་བདེ་པུས་རྒྱ་ཆེའི་ཁ་ལོ་བར་བདེ་འཇགས་ནི་ཕ་ཡུལ་དང་ཆེས་ཐག་ཉེ་བའི་ལམ་བུ་ཞིག་ཡིན་པས། རླངས་འཁོར་གཏོང་སྐབས་ངེས་པར་དུ་འགྲིམ་འགྲུལ་བདེ་འཇགས་ལ་གཟབ་དགོས་ཤིང་། རླངས་འཁོར་གཏོང་སྐབས་བློ་སེམས་གཅིག་སྒྲིལ་དང་ངལ་དུབ་བྱུང་དུས་ངེས་པར་ཏུ་ངལ་གསོ་རྒྱག་དགོས་ཅེས་དྲན་སྐུལ་བྱས་པ་རེད། 

    ད་ཆ་ནི་ལོ་སར་ལ་ཕ་ཡུལ་དུ་ལོག་མཁན་མང་ཤོས་ཀྱི་དུས་ཡིན་ཏེ། འགྲུལ་པ་ཧ་ཅང་མང་པོ་ཡོད། ཉེ་ཆར་ཉིང་ཞ་དང་། ཡུན་ནན། ཕུའུ་ཅན། ཨན་ཧུའེ། ཁྲུང་ཆིང་། ཧྲའན་ཤིའི་སོགས་ས་ཁུལ་དུ་གཅིག་རྗེས་གཉིས་མཐུད་དུ་ཐེངས་གཅིག་ལ་མི་3རྐྱེན་ལམ་དུ་ཤོར་བའི་འགྲིམ་འགྲུལ་དོན་རྐྱེན་ཐོན་ཡོད་པ་རེད། 

    སྤྱི་བདེ་པུས་རྒྱ་ཆེའི་ཁ་ལོ་བ་རྣམས་ལ། སྔོན་ནས་འགྲིམ་འགྲུལ་གྱི་གནས་ཚུལ་དང་གནམ་གཤིས་སྔོན་བརྡ་ལ་རྒྱུས་ལོན་བྱས་ནས། འགྲོ་སྐྱོད་ཀྱི་ལམ་ཐིག་དང་དུས་ཚོད་ལུགས་མཐུན་ངང་འཆར་འགོད་བྱས་ཏེ། གང་ཐུབ་ཀྱིས་འཚང་ཁ་ཆེ་བའི་ལམ་དུམ་དང་། སྨུག་པའི་གནམ་གཤིས། ཁ་བ་འབབ་པའི་གནམ་གཤིས་སོགས་གནམ་གཤིས་ངན་པའི་དུས་ལས་གཡོལ་དགོས་པ་དང་། གནམ་གཤིས་ངན་པ་འཕྲད་སྐབས་ངེས་པར་དུ་རླངས་འཁོར་གྱི་མྱུར་ཚད་དལ་མོར་གཏོང་བ་དང་། རླངས་འཁོར་གཞན་དབར་གྱི་བར་ཐག་ལ་གཟབ་དགོས་ཅེས་དྲན་སྐུལ་བྱས་པ་རེད། 

    ཁ་ལོ་བ་རྣམས་ཀྱིས་རང་ཉིད་ཀྱི་བདེ་ཐང་གི་གནས་ཚུལ་ལ་དཔྱད་འཇོག་བྱ་དགོས་ཏེ། རང་གི་ལུས་ཕུང་ལ་མི་བདེ་བ་བྱུང་ཚེ། ངེས་པར་དུ་རླངས་འཁོར་བསྐོར་ནས་ཡུལ་ལ་ལོག་རྒྱུ་དུས་འགྱངས་བྱ་དགོས། རླངས་འཁོར་གཏོང་དུས་བློ་སེམས་གཅིག་སྒྲིལ་དང་། མྱུར་ཚད་ལས་བརྒལ་མི་ཆོག་པ། སེམས་མི་གཡེང་བར་རླངས་འཁོར་གཏོང་བ། ཁ་པར་ལེན་པ་དང་། དངོས་པོ་སྒྲུག་པ་སོགས་རླངས་འཁོར་གཏོང་བའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ངེས་པའི་བྱེད་སྤྱོད་ལ་འཇུག་མི་ཆོག འཚང་ཁ་ཆེ་བའི་ལམ་དུམ་ནས་རིམ་བཞིན་གྲལ་བསྒྲིགས་ཏེ་སྐྱོད་དགོས་པ་ལས་བཙན་གྱིས་བར་དུ་འཚང་མི་རུང་། རླངས་འཁོར་གཏོང་སྐབས་འགྲུལ་བ་ཚང་མས་སྲུང་ཐག་བསྡམ་དགོས་པ་དང་། བསྟུད་མར་རླངས་འཁོར་གཏོང་ཡུན་ཆུ་ཚོད་4ལས་བརྒལ་མི་རུང་བ། རླངས་འཁོར་སྡོད་ཐེངས་རེར་ངལ་གསོ་བྱེད་ཡུན་སྐར་མ་20ལས་མི་ཉུང་བ། རླངས་འཁོར་གཏོང་དུས་ངལ་དུབ་བྱུང་ཚེ་དུས་ཐོག་ཏུ་ངལ་གསོ་བྱེད་དགོས། 



    དཔྱིད་གསར་དུས་ཆེན་རིང་གཉེན་ཉེ་དང་གྲོགས་པོ་མཉམ་འཛོམས་བྱེད་སྐབས། “རླངས་འཁོར་གཏོང་སྐབས་ཆང་རག་མི་འཐུང་བ་དང་ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ ”བློ་ལ་བརྟན་པོར་ངེས་དགོས། ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་མི་རུང་། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་ཟོག་འདྲེན་རླངས་འཁོར་ཆེ་གྲས་སོགས་སྐྱེལ་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་སྐྱེལ་འདྲེན་ཁེ་ལས་ཀྱིས་ཕན་འབྲས་ཁོ་ནར་བསམ་སྟེ་བདེ་འཇགས་ལ་སྣང་ཆུང་བྱེད་མི་རུང་། མྱུར་ཚད་ལས་བརྒལ་བ་དང་། ལྗིད་ཚད་བརྒལ། འགྲུལ་བའི་ཁ་གྲངས་ཚད་ལས་བརྒལ་བ། ངལ་དུབ་ཆེ་བའི་སྒོ་ནས་རླངས་འཁོར་གཏོང་བ་བཅས་བྱེད་མི་རུང་ལ། མང་ཚོགས་འཆི་རྨས་ཀྱི་དོན་རྐྱེན་མི་ཐོན་པ་བྱེད་དགོས།