སྨན་འདི་རིགས་བཏུངས་རྗེས་རླངས་འཁོར་བཏང་ན་ཉེན་ཁ་ཆེ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2023-01-20   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་རླུང་འཕྲིན།

    དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བས། མི་མང་པོ་ཞིག་གིས་རླངས་འཁོར་བཏང་ནས་ཁྱིམ་དུ་ལོག་རྩིས་བྱེད་བཞིན་ཡོད། ཉེ་ཆར་ཧུའུ་པེ་ཧོང་ཀང་དང་ཤིན་ཅང་ཧྲི་ཧོ་ཙི་སོགས་ས་ཆ་མང་པོའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་གནས་ཚུལ་སྤེལ་ནས། ལམ་ཐག་རིང་པོར་རླངས་འཁོར་བཏང་ནས་སྐྱོད་སྐབས་ངལ་དུབ་ཀྱིས་རླངས་འཁོར་གཏོང་བ་དང་ཆང་རག་བཏུངས་རྗེས་རླངས་འཁོར་གཏོང་བར་གཟབ་གཟབ་བྱེད་དགོས་པ་ཕུད། ད་དུང་སྨན་བཏུངས་རྗེས་རླངས་འཁོར་གཏོང་བར་དོ་སྣང་བྱེད་དགོས་པ་བསྟན་ཡོད།

    གདགས་གཤིས་སུ་གྱུར་རྗེས་གློ་རྒྱག་པ་དྲག་སྐྱེས་ཡོང་ཆེད་ཀྱི་སྨན་འདི་རིགས་ཀྱི་གྲུབ་ཆས“སྨན་བཏུངས་རྗེས་རླངས་འཁོར་བཏང་བའི”གནས་ཚུལ་སློང་སྲིད།

    སྨན་བཏུངས་རྗེས་རླངས་འཁོར་བཏང་བ་ནི་སྟབས་བདེའི་སྒོ་ནས་བཤད་ན་རླངས་འཁོར་བདེ་འཇགས་ངང་གཏོང་བར་ཤུགས་རྐྱེན་བཟོ་བའི་སྨན་རྫས་བཏུངས་རྗེས་རླངས་འཁོར་བཏང་བའི་བྱ་སྤྱོད་ལ་ཟེར་བ་ཡིན་ཞིང་། སྨན་རྫས་ཁ་ཤས་བཏུངས་པའི་རྗེས་སུ་གཉིད་ཁུག་པ་དང་མགོ་ཡུ་འཁོར་བ། དྲན་པ་རབ་རིབ་ཏུ་འགྱུར་བ། མཐོང་ལམ་གསལ་པོ་མེད་པ་སོགས་ཚོར་བ་མི་ལེགས་པ་འབྱུང་བ་དང་། དེས་བདེ་འཇགས་ངང་རླངས་འཁོར་གཏོང་བར་ཉེན་ཁ་ཐེབས་ཀྱི་ཡོད།

    པེ་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཤར་ཕྱོགས་སྨན་ཁང་གི་སྨན་རྫས་རིག་པའི་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་སྨན་སྦྱོར་བ་ཀྲང་ཡན་ལིས། ཉེ་དུས་གློ་རྒྱག་པ་དྲག་བྱེད་ཀྱི་སྨན་རྫས་ཀྱི་གནས་ཚུལ་འདྲི་མཁན་ཤིན་ཏུ་མང་བ་དང་། ནད་པ་ལ་ལས་གློ་ལུར་སྤྱོད་པའི་སྨན་བཏུངས་རྗེས་གཉིད་ཅོག་རྒྱག་སླ་བ་བརྗོད་ཀྱི་འདུག དེ་ནི་གློ་ལུ་དྲག་བྱེད་ཀྱི་སྨན་འགའ་ཤས་ནང་དུ་ཁལ་པུན་ན་མེན་ཏེ། ང་ཚོས་རྒྱུན་ལྡན་དུ་གླེང་བའི་ཕུའུ་ཨར་མེན་འདུས་ཡོད་པའི་རྐྱེན་གྱིས་རེད་ཅེས་བཤད་འདུག

    དེ་སྔོན་ཧྲང་ཧའེ་གྲོང་ཁྱེར་འཕྲོད་བདེ་ཨུ་ལྷན་གྱི་ཐད་གཏོང་བྱེད་སྒོའི་ཁྲོད་དུ་ཧྲང་ཧའེ་གྲོང་ཁྱེར་བྱིས་པའི་སྨན་ཁང་སྨན་རྫས་རིག་པའི་སྡེ་ཁག་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་ལིན་གྱིས། རྒྱུན་དུ་བེད་སྤྱོད་བྱེད་པའི་མང་སྦྱོར་ཆམ་ནད་སྨན་རྫས་ཁྲོད་དུ་རྒྱ་ཡིག་"敏"འདུས་པའི་སྨན་ཚང་མར་ཕུའུ་ཨར་མེན་ལྟ་བུའི་སྨན་ལོག་འགོག་པའི་གྲུབ་ཆ་འདུས་པ་དང་། གྲུབ་ཆ་དེ་དག་གིས་མི་ལུས་ཀྱི་ལྟེ་བའི་དབང་རྩའི་མ་ལག་ཚོད་འཛིན་བྱེད་ཅིང་། དེ་ལྟར་མི་རྣམས་ལ་ཤུགས་ཟད་པ་དང་ཉོབ་པ། གཉིད་སྲེད། ཡང་ན་མཐོང་ལམ་རབ་རིབ་ཏུ་འགྱུར་བ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཐོན་གྱི་ཡོད་ཅེས་གསལ་སྟོན་གནང་ཡོད།

    ཁལ་པུན་ན་མེན་གཙོ་བོ་སྣའི་གཉན་ཚད་དང་སྐྱི་མོའི་རྩི་སྐྱིའི་ཚོར་ལྷག་ལོག་པའི་ཐད་དང་། དེ་བཞིན་མིག་ཆུ་ལྷུང་བ་དང་ཧབ་སྦྲིད་རྒྱག་པ། སྣ་ཆུ་འཛག་པ་སོགས་ཆམ་ནད་ཞི་འཇམ་དུ་གཏོང་བའི་ཐད་སྤྱོད་ཀྱི་ཡོད། རྒྱུན་ལྡན་དུ་སྤྱོད་པའི་སྨན་རྫས་དཔེར་ན་ 感冒清、感速康、速克感冒、酚麻美敏、氨麻美敏、氯芬黄敏、重感灵、复方感冒灵、复方甲氧那明、咳特灵、康乐鼻炎、鼻舒适སོགས་ཆམ་ནད་དང་གློ་ལུ། སྣའི་གཉན་ཚད་སོགས་ཀྱི་ཐད་སྤྱོད་པའི་སྨན་རྫས་ཚང་མའི་ཁྲོད་དུ་ཁལ་པུན་ན་མེན་འདུས་ཡོད།

    ཀྲང་ཡན་ལིས་ངོ་སྤྲོད་གནང་དོན། ཁལ་པུན་ན་མེན་ནི་ཙུའུ་ཨན་འགོག་པའི་སྨན་རྫས་རབས་དང་པོ་ཡིན་པ་དང་། ཁྲག་ཀླད་ཀྱི་སྒྲིབ་དངོས་བརྒྱུད་ཅིང་ཙུའུ་ཨན་དང་ཟུང་འབྲེལ་བྱས་ནས་ཚོར་ལྷག་ལོག་པ་འགོག་པའི་བྱེད་ནུས་འདོན་པ་ཡིན། ཁལ་པུན་ན་མེན་གྱིས་གཉིད་སྲེད་ཀྱི་ཚོར་བ་སྦྱིན་ཏེ་མི་རྣམས་ཀྱི་བློ་རྩེ་དང་དོགས་ཟོན་རང་བཞིན་ཆུང་ཏུ་བཏང་བ་དང་། ངལ་དུབ་དང་ཉབ་བེ་ཉོབ་བེར་འགྱུར་བ་ཡིན། དེར་བརྟེན་ཁལ་པུན་ན་མེན་གྱི་གྲུབ་ཆ་འདུས་པའི་གློ་ལུ་དྲག་བྱེད་ཀྱི་སྨན་དང་སྣའི་གཉན་ཚད་ཀྱི་སྨན། ཡང་ན་ཆམ་ནད་ཀྱི་སྨན་སོགས་བཏུངས་རྗེས་ངེས་པར་དོ་སྣང་བྱེད་དགོས་ཏེ། སྨན་དེ་རིགས་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་འགྲིམ་འགྲུལ་བདེ་འཇགས་དོན་རྐྱེན་འབྱུང་བ་སྔོན་འགོག་བྱེད་དགོས།

    ཕུའུ་ཨར་མེན་ལས་གཞན་སྨན་རྫས་འདི་རིགས་ལ་ཡང་དོ་སྣང་བྱེད་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཏུངས་རྗེས་བདེ་འཇགས་འཁོར་གཏོང་ལ་ཤུགས་རྐྱེན་ཐེབས་པའི་སྨན་རྫས་རིགས་ཆེན་པོ་7བསྒྲགས་ཡོད་པ་མ་ཟད། སྨན་དེ་རིགས་བཏུངས་རྗེས་རླངས་འཁོར་གཏོང་མི་ཆོག་པ་བཏོན་ཡོད། དེ་དག་ནི་དབང་རྩའི་མ་ལག་ལ་ཤུགས་རྐྱེན་བཟོ་བའི་གཉིད་འགུག་སྨན་རྫས་དང་། བཏུངས་རྗེས་སྐྱུག་མེར་ལངས་པའམ་ཚུགས་འགྱུར་འགྱུར་འབྱུང་ཐོན་པའི་སྨན་རྫས། ཟུག་འཇགས་རིགས་ཀྱི་སྨན་རྫས། ངར་སྨན། བརྒྱལ་གཟེར་བཅོས་བྱེད་ཀྱི་སྨན། དེ་བཞིན་ཁྲག་རྩ་མཐོ་བ་འགོག་པའི་སྨན་རྫས་དང་ཁྲག་མངར་གཅོག་བྱེད་སྨན་རྫས་སོགས་ཡིན།

    ཀྲང་ཡན་ལིས་སྨན་འཐུང་དུས་ངེས་པར་དུ་གསལ་བཤད་ཡི་གེར་གཟིགས་དགོས་པའི་གསལ་འདེབས་གནང་འདུག སྨན་རྫས་ལ་ལའི་གསལ་བཤད་ཡི་གེའི་དོ་སྣང་བྱ་ཡུལ་དང་འཛེམ་བྱའི་ཁྲོད་དུ་སྨན་འཐུང་རྗེས་རླངས་འཁོར་དང་གནམ་གྲུ། གྲུ་གཟིངས་བཅས་གཏོང་མི་ཆོག་པ་དང་། བར་སྣང་མཐོན་པོའི་ལས་ཀ་དང་འཕྲུལ་འཁོར་གྱི་ལས་ཀ་བསྒྲུབ་མི་རུང་བ། ཞིབ་ཐོན་དཔྱད་ཆས་བཀོལ་སྤྱོད་བྱེད་མི་ཆོག་པ་སོགས་ཀྱི་ཡི་གེ་བྲིས་ཡོད། གསལ་འདེབས་འདི་མཐོང་རྗེས་ངེས་པར་དུ་རླངས་འཁོར་གཏོང་མི་རུང་།

    ཀྲང་ཡན་ལིས། གྲུབ་ཆ་མི་འདྲ་བས་ནད་པ་མི་འདྲ་བའི་གཟུགས་པོའི་ནང་ཤུགས་རྐྱེན་ཐོན་པའི་དུས་ཚོད་ལ་བར་ཁྱད་ཆེན་པོ་ཡོད། དཔེར་ན་རླངས་འཁོར་ངེས་པར་དུ་གཏོང་དགོས་བྱུང་ཚེ་མི་ལུས་ཀྱི་སྟུག་ཚད་ཚད་ངེས་ཅན་ཞིག་ཏུ་ཆག་རྗེས་ད་གཟོད་རླངས་འཁོར་གཏོང་དགོས། དུས་མཚུངས་སུ་སྨན་རྫས་ལ་ལ་ནི་ཆང་འཐུང་བའམ་ཡང་ན་གཉིད་འགུག་སྨན་བསྟེན་པའི་ནད་པར་ཤུགས་རྐྱེན་དེ་བས་ཆེ་ཙམ་ཡོད། དོན་དངོས་ཐོག་སྨན་རྫས་མང་པོའི་གསལ་བཤད་ཡི་གེ་ནི་རྙོག་ཅིང་རིང་བས། ནད་པ་རྣམས་ཆ་ཚང་ཀློག་འདོད་ཀྱི་མེད། ཡིན་ནའང་ཕྱིར་བསྐྱོད་བདེ་འཇགས་ཀྱི་ཆེད་དུ། ངེས་པར་དུ་ཞིབ་ཕྲ་དེ་དག་ལ་དོ་སྣང་བྱེད་དགོས་ཞེས་གསུངས་འདུག